ཕུའུ་ཅིན་གྱིས་རིམས་ནད་འགོག་རྒོལ་གྱི་ལས་འགན་གཙོ་བོ་ནི་སྡོད་དམངས་ཀྱི་བདེ་འཇགས་དང་བདེ་ཐང་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་པའི་ཚུལ་བསྟན། 
2020.04.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་བསྟན་དོན། རིམས་ནད་འགོག་རྒོལ་གྱི་ལས་འགན་གཙོ་བོ་ནི་སྡོད་དམངས་ཀྱི་བདེ་འཇགས་དང་བདེ་ཐང་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཚེས་བདུན་ཉིན་མགོ་འཛིན་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་མཆེད་པའི་གནས་ཚུལ་དང་རིམས་འགོག་བྱེད་ཐབས་ཀྱི་གྲོས་ཚོགས་བསྡུས་ནས་བཤད་རྒྱུར། རིམས་འགོག་བྱེད་ཐབས་ཚང་མ་རིམས་ནད་མཆེད་པའི་གནས་ཚུལ་དང་འཚམ་དགོས་པ་དང་། རིམས་ནད་འགོག་རྒོལ་གྱི་ལས་འགན་གཙོ་བོ་ནི་སྡོད་དམངས་ཀྱི་བདེ་འཇགས་དང་བདེ་ཐང་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། དེང་སྐབས་ཨུ་རུ་སིའི་རིམས་ནད་གནས་ཚུལ་སྔར་བཞིན་ཚབས་ཆེན་ཡིན་པས། ཨུ་རུ་སི་ཡིས་རིམས་ནད་གནས་ཚུལ་ལ་རྗེས་འདེད་དོ་སྣང་བྱེད་པ་དང་། ཞོར་དུ་རྒྱལ་ཁབ་གཞན་པའི་རིམས་འགོག་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཏེ། ཆེད་མཁས་པ་དང་སྨན་བཅོས་མི་སྣའི་གྲོས་གཞི་གཞིར་བཟུང་ཐོག  ཚན་རིག་དང་མཐུན་ཞིང་གཟབ་ནན་གྱིས་རིམས་འགོག་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། གཅིག་གྱུར་ཨུ་རུ་སིའི་ཏང་གི་ཀྲུའུ་ཞི་མཱེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། ཨུ་རུ་སི་ཡིས་རིམས་ནད་མཆེད་པའི་གནས་ཚུལ་གང་རུང་ཐག་གཅོད་བྱེད་པའི་ནུས་པ་ཡོད། མིག་སྔར་ཨུ་རུ་སིའི་དང་བླངས་པ་ཁྲི་བརྒྱད་ལྷག་རིམས་འགོག་འཐབ་རྩོད་ནང་ཞུགས་ཡོད་པ་དང་། ཁོ་ཚོས་ཁ་ཁར་བཀག་པའི་རྒན་པ་དག་ལ་ཟས་རིགས་དང་འགོག་སྲུང་མཁོ་དངོས་སོགས་སྐྱེལ་བཞིན་ཡོད་ཟེར། 

ཨུ་རུ་སིའི་རིམས་ནད་འགོག་སྲུང་བཀོད་འདོམ་པུའུ་ཡིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། དུས་ཚོད་ཉེར་བཞིའི་ནང་ཨུ་རུ་སིའི་མངའ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་སྟོང་གཅིག་དང་བརྒྱ་དང་ང་བཞི་ཇེ་མང་དུ་སོང་སྟེ། རིམ་རྩིས་ཀྱིས་ནད་པ་སྟོང་བདུན་དང་བཞི་བརྒྱ་གོ་བདུན་དུ་བསླེབ་ཡོད་ལ། ནད་པ་ང་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་བཞི་བརྒྱ་དང་གོ་བཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།