ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཁྲོད་འདོན་སྤེལ་བྱས་པའི་མགོ་ཁྲིད་ནུས་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
2020.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་འདོན་སྤེལ་བྱས་པའི་མགོ་ཁྲིད་ནུས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་འབད་བརྩོན་ཆེན་པོ་བྱས་པར་ཁས་ལེན་དང་གཟེངས་བསྟོད་བྱེད་བཞིན་ཡོད་ལ། ཞོར་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་འཛམ་གླིང་ཡོངས་སུ་རིམས་ནད་བྱུང་བའི་སྐབས་སུ་མངོན་པར་བྱས་པའི་མགོ་ཁྲིད་ནུས་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བདུན་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དེ་རིམས་ནད་འགོག་བཅོས་ཐད་ཚོར་སྣང་ཞན་པར་བརྗོད་པ་དང་། ཐ་ན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་པའི་གྲོན་དངུལ་སྤྲོད་མཚམས་འཇོག་རྒྱུའི་འཇིགས་སྐུལ། ཐི་ལིང་ཕུའུ་ཡི་རྣམ་འགྱུར་དེར་དམིགས་ཏེ་མཱ་ལཱ་ཧྥུའུ་སཱ་ཡིས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚང་མས་རང་ནུས་ཅི་ཡོད་བཏོན་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་འགོག་རྒོལ་བྱེད་བཞིན་ཡོད། སྐབས་ཐོག་འདིར་བློ་སེམས་རྩེ་གཅིག་གིས་འབད་འབུངས་བྱེད་དགོས་པ་ལས། མི་སྒེར་དང་ལས་ཁུངས། ཡང་ན་རྒྱལ་ཁབ་གང་རུང་ལ་སྐྱོན་འཛུགས་བྱེད་མི་རུང་ཟེར། 

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་ཕལ་ཆེར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཚང་མར་གནོད་པ་ཐེབས་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་ཧྲིལ་བོས་རིམས་ནད་འགོག་རྒོལ་བྱེད་པའི་སྐབས་སུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རྒྱུན་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་གླིང་གི་རིམས་འགོག་ལྟེ་གནས་བར་ལག་རྩལ་དང་ཚན་རིག་གི་མཉམ་ལས་བྱེད་བཞིན་ཡོད་ཅིང་། རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་པའི་གྲོས་གཞི་དང་བྱེད་ཐབས་སྣ་ཚོགས་བཏོན་ཡོད། གྲོས་གཞི་དང་བྱེད་ཐབས་དེ་དག་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་དངོས་འབེབ་བྱས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དོན་དེར་ཧ་ཅང་ཡིད་ཚིམས་ཡོད་ཟེར། 

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། ང་ཚོས་མཉམ་ལས་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བ་ཞེས་པའི་ཐུན་མོང་གི་དགྲ་བོ་དེར་ཁ་གཏད་འཇལ་དགོས། ང་ཚོའི་སེམས་ཤུགས་གཞན་དུ་འཁོར་མི་རུང་། ཕན་ཚུན་མཉམ་ལས་བྱེད་པ་དང་ཁྱད་པར་དུ་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་ལ་བརྟེན་ན། ད་གཟོད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལས་རྣམ་པར་རྒྱལ་ཐུབ་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་རྒོལ་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།