ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཚེས་དགུ་ཉིན་འཕྲོད་བསྟེན་ཆེད་མཁས་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས་ཕན་ཚུན་བརྗེ་རེས་བྱས།
ཀྲུང་གོའི་ཕྱི་འབྲེལ་པུའུ་དང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཚན་རྩལ་པུའུ། ཀྲུང་གོ་རིམས་ནད་ཚོད་འགོག་ལྟེ་གནས་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བ་དང་ཆེད་མཁས་པ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སྤྱི་ཚོགས་ལས་དོན་གྱི་ལག་རོགས་དྲུང་ཡིག་ཆེན་མོ་ཧའེ་ཧྥ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་བཞི་ཡི་ཆེད་བསྐོས་དཔོན་པོ་དང་འཕྲོད་བསྟེན་ཆེད་མཁས་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ས་དཀྱིལ་རྒྱ་མཚོ་ཁུལ་ཁོངས་ཤར་མའི་གཞུང་སྒྲུབ་ཁྲུའུ་ཡི་འཐུས་ཚབ་མི་སྣ་བཅས་མཉམ་དུ་གྲོས་ཚོགས་ལ་ཞུགས།
བརྙན་རིས་གྲོས་ཚོགས་སྟེང་། ཀྲུང་གོའི་ཆེད་མཁས་པས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་སྔོན་འགོག་དང་བརྟག་བཤེར། སྨན་བཅོས་སོགས་ཀྱི་ཆེད་ལས་ཤེས་བྱ་ངོ་སྤྲོད་བྱས་པར་མ་ཟད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཚོགས་ཞུགས་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་བཏོན་པའི་གནད་དོན་ཉི་ཤུ་ལྷག་ལ་ལན་བཏབ།
ཧའེ་ཧྥ་ཡིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཚབ་བྱས་ནས་ཀྲུང་གོས་གྲོས་ཚོགས་བསྡུ་བར་རྩ་འཛུགས་བྱས་པར་བཀའ་དྲིན་ཞུས་པ་དང་། གྲོས་ཚོགས་ལ་ཞུགས་པའི་ཨ་རབ་རྒྱལ་ཁབ་དག་ལ་ཕན་ཆེན་པོ་བཏགས་ལ། འབྲེལ་ཡོད་ཆ་འཕྲིན་དེ་རྒྱལ་ཁབ་སོ་སོས་རིམས་འགོག་ལམ་ཐིག་པར་རིས་གཏན་འབེབས་བྱེད་པ་དང་རྒྱལ་སྤྱིའི་མཉམ་ལས་སྤེལ་བའི་ཐད་ཧ་ཅང་གལ་ཆེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཐད་ནས་རྒྱལ་ཁབ་སོ་སོའི་མཉམ་འབྲེལ་མཉམ་ལས་བྱེད་དགོས་ལ། རྗེས་ཕྱོགས་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིགས་འདི་འདྲའི་གྲོས་ཚོགས་བསྡུས་ནས། ཆ་འཕྲིན་སྔར་ལས་མང་པོ་བརྗེ་རེས་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།