ཞི་ཅིན་ཕིང་དང་ཨ་ཀིན་ཐིན་གྱི་ཙུང་ཐུང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ཐད་ནས་ཕན་ཚུན་ལ་འཕྲིན་ཡིག་བསྐུར།
2020.04.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 41

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀིན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་རྣམ་གཉིས་ཀྱིས་ཉེ་སྔོན་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ། རྒྱལ་ཁབ་གཉིས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ཐད་ནས་བསམ་འཆར་བརྗེ་རེས་མཛད། 

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ་ཨ་ཀིན་ཐིན་སྲིད་གཞུང་དང་མི་དམངས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀིན་ཐིན་གྱི་རིམས་ནད་འགོག་རྒོལ་གྱི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་ཅིང་། ཨ་ཀིན་ཐིན་ཕྱོགས་ལ་རིམས་འགོག་མཁོ་དངོས་མྱུར་དུ་འདོན་སྤྲོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་ཉམས་མྱོང་བརྗེ་རེས་བྱེད་པའི་ཚོགས་འདུ་བསྡུས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཀིན་ཐིན་བར་རིམས་འགོག་ཉམས་མྱོང་དང་གསོ་བཅོས་ཇུས་གཞི་མཉམ་སྤྱོད་བྱེད་པ་དང་། ཨ་ཀིན་ཐིན་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་པ། རིམས་འགོག་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་དང་ས་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་གསུངས། 

ཧྥེ་ཨར་ནན་ཏི་སི་ཡིས་ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀིན་ཐིན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཧྥེ་ཨར་ནན་ཏི་སི་ཡིས་བསྟན་དོན། ཀྲུང་གོས་རིམས་ནད་འགོག་བཅོས་ཚོད་འཛིན་ཐད་ནས་མགོ་ཁྲིད་ནུས་པ་དང་གསར་གཏོད་ནུས་པ་ཆེན་པོ་མངོན་པར་བྱས་ཏེ་ཨ་ཀིན་ཐིན་ལ་མིག་དཔེ་བསྟན་ཡོད། ཀྲུང་གོའི་ཕྱོགས་ལ་འཛམ་གླིང་ཡོངས་ཀྱི་ཆེད་ལས་ཀྱི་འགོག་སྲུང་ཉམས་མྱོང་ལྡན་པས། ང་ཚོས་ཀྲུང་གོའི་ཕྱོགས་ལ་སློབ་སྦྱོང་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མཉམ་ལས་ཀྱིས་ཨ་ཀིན་ཐིན་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་མཐུན་གཉིས་ཕན་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།