དབྱི་ཐ་ལི་རྒྱལ་ཁབ་ཀྱིས་ཚེས་བཅུ་གསུམ་ཉིན་རྒྱལ་ཡོངས་བཀག་སྡོམ་བྱེད་པའི་བྱེད་ཐབས་སྤྱོད་མཚམས་འཇོག་པའི་དུས་ཚོད་དེ་ཟླ་ལྔ་བའི་ཚེས་གསུམ་ཉིན་བར་རྗེས་ལ་བསྣུར་ངེས་ཡིན་ཟེར།
2020.04.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཞི་བའི་ཚེས་བཅུ་ཉིན། དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་དང་ལྔ་བརྒྱ་དོན་བདུན་ལ་འཕར་ཞིང་། ནད་པ་ཁྲི་གཅིག་དང་སྟོང་བརྒྱད་བརྒྱད་བརྒྱ་ཞེ་དགུ་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་ཁྲི་གསུམ་དང་བཞི་བརྒྱ་ང་ལྔ་དྲག་སྟེ་སྨན་ཁང་ནས་ཕྱིར་བུད། དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ཡིས་ཉིན་དེར་བསྟན་དོན། སྔོན་ལ་གཏན་འཁེལ་བྱས་པའི་ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་རྒྱལ་ཡོངས་བཀག་སྡོམ་བྱེད་མཚམས་འཇོག་རྒྱུ་དེ་ཟླ་ལྔ་བའི་ཚེས་གསུམ་ཉིན་བར་རྗེས་ལ་བསྣུར་ངེས་ཡིན་ཟེར།

དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་པུའུ་ཡི་འགན་འཁུར་བ་དང་པྲོག་གསར་གློ་ཚད་རིམས་ནད་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་ལས་མི་སྣ་པོ་ལོས་ལིས་ཀྱིས་ཚེས་བཅུ་ཉིན་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། དབྱི་ཐ་ལི་རྒྱལ་ཁབ་ཏུ་རིམས་ནད་ངོས་འཛིན་བྱས་པའི་ནད་པ་སྔ་ཉིན་དང་བསྡུར་ན་སྟོང་གསུམ་དང་དགུ་བརྒྱ་ང་གཅིག་འཕར་སྣོན་བྱུང་ཞིང་རྐྱེན་ལམ་དུ་ཤོར་བའི་ནད་པ་ལྔ་བརྒྱ་དང་བདུན་ཅུ་ཇེ་མང་ལ་སོང་བ་དང་དྲག་པའི་ནད་པ་སྟོང་གཅིག་དང་དགུ་བརྒྱ་གྱ་ལྔ་འཕར་སྣོན་བྱུང་།