འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་ཉིན་བསྟན་དོན། བཀག་འགོག་བྱེད་ཐབས་རྩིས་མེད་དུ་གཏོང་སྔ་དྲགས་ན་རིམས་ནད་ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་སྲིད་ཟེར།
ཐན་ཏི་སེ་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་སི་ཕན་དང་དབྱེ་ཐཱ་ལེ། འཇར་མན། ཧྥ་རན་སི་བཅས་རིམས་ནད་གནས་ཚུལ་ཚབས་ཆེ་བའི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ཏུ་ནད་པའི་ཁ་གྲངས་འཕར་ཚད་ཅུང་ཇེ་དལ་དུ་སོང་ཡོད། དེའི་ཞོར་དུ་རྒྱལ་ཁབ་རེ་འགའི་ནད་པའི་ཁ་གྲངས་འཕར་ཚད་ཧ་ཅང་མགྱོགས་པས་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར།
ཐན་ཏི་སེ་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བ་ཨ་ཧྥེ་རི་ཁའི་ཞིང་སྡེ་ས་ཁུལ་དུ་རྒྱ་ཡན་ལ་འགྲོ་བཞིན་ཡོད་པ་དང་། མིག་སྔར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཅུ་དྲུག་ཏུ་མི་ཚོགས་དང་སྡོད་ཁུལ་དུ་འགོ་བའི་སྣང་ཚུལ་བྱུང་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་དག་གི་སྔར་ནས་རྗེས་ལུས་ཡིན་པའི་འཕྲོད་བསྟེན་མ་ལག་ལ་དཀའ་ཁག་ཆེན་པོ་འབྱུང་སྲིད་པ་དང་། ཁྱད་པར་དུ་ཞིང་སྡེ་ས་ཁུལ་དུ་དཀའ་ཁག་ཆེན་པོ་ཡོད་ངེས་རེད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་ད་ཡོད་ཀྱི་སྤྱི་བའི་འཕྲོད་བསྟེན་དང་ཐོག་མའི་རིམ་པའི་འཕྲོད་བསྟེན་བདེ་སྲུང་གི་རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་།
ཐན་ཏི་སེ་ཡིས་བཤད་རྒྱུར། ལས་ཡུལ་དང་པོའི་སྨན་བཅོས་བྱ་བ་བྱེད་མཁན་ལ་སྲུང་སྐྱོབ་བྱེད་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་གྲོགས་པོའི་བར་མཐུན་སྦྱོར་བྱས་ཤིང་། པུ་ལི་ཧྲི་དང་ཀྲུང་གོ། ཨེ་ཙེ་ཨོ་ཕི་ཡཱ། ཀ་ནཱ། མཱ་ལེ་ཞི་ཡཱ། ཕཱ་ནཱ་མཱ། ཨ་ཧྥེ་རི་ཁ་ལྷོ་མ། ཨ་རབ་མནའ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་མཁོ་འདོན་ལྟེ་གནས་བརྒྱུད་དེ། མི་སྒེར་གྱི་འགོག་སྲུང་སྒྲིག་ཆས་དང་ཚོད་ལྟའི་ཁང་གི་བརྟག་དཔྱད་སྒྲིག་ཆས་སོགས་ཉོ་བསྡུ་དང་བགོ་བཤའ་བྱས་ནས། ཆེས་དགོས་མཁོ་ཆེ་བའི་རྒྱལ་ཁབ་དག་ལ་འདོན་སྤྲོད་བྱེད་བཞིན་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། མཁོ་འདོན་མུ་འབྲེལ་དེས་རིམས་ནད་བྲེལ་མྱུར་ཆེ་བའི་སྐབས་སུ་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་སུམ་ཅུའི་ཡན་གྱི་དགོས་མཁོ་བསྐང་ཐུབ་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།