ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་རིམས་འགོག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རིམས་ནད་ཕྱི་ནས་ནང་ལ་མཆེད་པ་འགོག་སྲུང་བྱེད་པའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། གནད་ཕིགས་འགོག་སྲུང་དང་ཚད་ལྡན་ཐག་གཅོད་ལ་ཤུགས་སྣོན་ཞིང་རིམས་ནད་ཡང་བསྐྱར་འཕར་བའི་ཉེན་ཁར་ཞིབ་བཤེར་བྱས་ནས། ཁྱོན་ཡོངས་ནས་ལས་ཐོན་སླར་གསོ་བྱེད་པར་ཕན་ཡོད་ཆ་རྐྱེན་གསར་སྐྲུན་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། གནད་ས་དམ་འཛིན་དང་ནུས་ལྡན་ཇུས་གཞི་ལག་བསྟར་བྱེད་པ་དང་། གྲུ་ཁའི་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་དགོས། ནང་ལོག་གི་སྨན་བཅོས་འགོག་སྲུང་ཆེད་མཁས་བྱ་བའི་ཚན་ཁག་རྩ་འཛུགས་བྱས་ཏེ་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་སོང་ནས་རིམས་འགོག་དང་སྒྲོམ་ཤག་སྨན་ཁང་འཛུགས་སྐྲུན། གཅིག་བསྡུས་སྒོས་ལོགས་སུ་བཀར་ས་དང་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་བཀོད་སྒྲིག དེ་མིན་ནད་པ་མྱུར་སྐྱོབ་བྱ་བར་རོགས་སྐྱོར་དང་མཛུབ་སྟོན་བྱེད་དགོས། ཞིབ་བཤེར་སྒྲིག་ཆས་དང་སྨན་བཅོས་མྱུར་སྐྱོབ་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་ཏེ། མཐའ་མཚམས་ས་ཁུལ་དང་གྲུ་ཁའི་གྲོང་ཁྱེར་གྱི་རིམས་འགོག་ནུས་པ་ཇེ་ཆེར་གཏོང་དགོས། སྨན་རྫས་དང་དངོས་རྫས་ཕྱིར་གཏོང་བྱེད་པའི་སྤུས་ཚད་ལ་ལྟ་རྟོག་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་ལྟར་ཚད་གཞི་དང་མི་མཐུན་པར་ཐོན་སྐྱེད་བྱེད་པ་དང་རིམས་འགོག་ཐོན་རྫས་དང་མ་བཅོས་རྒྱུ་ཆས་རིན་གོང་གང་འདོད་དུ་འཕར་བ་སོགས་ཀྱི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་དགོས་ཟེར།