ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་ཚིགས(CNN)སྟེང་རྩོམ་ཡིག་སྤེལ་ཏེ། ཉིའུ་ཡུའེ་གྲོང་ཁྱེར་གྱི་རིམས་ནད་ལྷག་པར་ཚབས་ཆེ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པར་མ་ཟད། ཉིའུ་ཡུའེ་གྲོང་ཁྱེར་དང་དེ་གནས་སའི་ཉིའུ་ཡུའེ་ཀྲིག་ནི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་པྲོག་གསར་རིམས་ནད་མཆེད་ཁུངས་གཙོ་བོ་ཡིན་ཟེར།
ཉིའུ་ཡུའེ་ཀྲིག་གི་པྲོག་དབྱིབས་ནད་དུག་གསར་པ་འགོས་ཚད་གཟའ་འཁོར་སྔོན་མའི་ནང་ཁྲི18ལས་བརྒལ་ཏེ། རིམས་ནད་འགོས་ཚད་ཨ་རི་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་གང་རུང་ཞིག་ལས་བརྒལ་ཡོད་པ་རེད། ཉིའུ་ཡུའེ་ཀྲིག་གི་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་ཚད་ཀྱིས་ཨ་མི་རི་ཁ་རྒྱལ་ཁབ་ཡོངས་ཀྱི་རིམས་ནད་ལས་ཤི་ཚད་ཀྱི་བཅུ་ཆའི་བཞི་ཟིན་པ་དང་། ཀྲིག་འདིའི་ནད་ཕོག་ནས་ཤི་ཚད4.7%དང་། ཨ་མེ་རི་ཁ་ཡོངས་ཀྱི་ཆ་སྙོམས་ནད་ཕོག་ནས་ཤི་ཚད3.8%རེད།
དྲ་ཚིགས་དེའི་སྟེང་གནས་ཚུལ་སྤེལ་བར་གཞིགས་ན། ཉིའུ་ཡུའེ་གྲོང་ཁྱེར་གྱི་རིམས་ནད་ཚབས་ཆེན་ཡིན་པའི་རྒྱུ་རྐྱེན་ནི། གྲོང་ཁྱེར་དེ་ནི་ཨ་མེ་རི་ཁ་ཧྲིལ་བོའི་ཁྱབ་ཁོངས་ནས་མི་འབོར་གྱི་གཞི་ཁྱོན་ཆེས་ཆེ་བ་ཡིན་པའི་དབང་གིས་རེད་ལ། དེའི་ཁར་ཉིའུ་ཡུའེ་ནི་ཨ་མེ་རི་ཁའི་མི་འབོར་ཆེས་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ལ། དེར་མི་ཁྲི800ཡོད་ཅིང་། དེ་ནི་ལུའོ་ཧྲན་ཅི་གྲོང་ཁྱེར་ཧྲིལ་བོའི་མི་འབོར་གྱི་ལྡབ་གཉིས་རེད། དེ་ལས་གཞན་ཉིའུ་ཡུའེ་ནི་ཨ་མེ་རི་ཁའི་མི་འབོར་འདུས་ཚད་ཆེས་ཆེ་བའི་གྲོང་ཁྱེར་ཞིག་ཀྱང་རེད། དེ་བས་ཉིའུ་ཡུའེ་གྲོང་ཁྱེར་གྱི་ནད་དུག་ཞིབ་དཔྱད་ཚད་ལེན་གཞི་ཁྱོན་ཆེ་བ་ནི་རིམས་ནད་འགོས་པའི་ནད་པ་མང་བའི་རྒྱུ་རྐྱེན་གཞན་ཞིག་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཉིའུ་ཡུའེ་གྲོང་ཁྱེར་དུ་ནད་ཕོག་ནས་ཤི་ཚད་མཐོ་བ་དང་། དེའི་རྒྱུ་རྐྱེན་ཆེ་ཤོས་ནི་དུས་ཡུན་རིང་པོའི་ནང་མི་རྒྱུད་དང་གྲོང་མི་དབུལ་པོ་ཉུང་ཤས་ལ་སྨན་བཅོས་འགན་ལེན་གང་ལེགས་བྱས་མེད་པས་ལན། སི་ཕེན་གྱི་རྒྱུད་པ་དང་ཨ་ཧྥེ་རི་ཁའི་རྒྱུད་པ་ཡིན་པའི་ཡུལ་མི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དུས་ཐོག་ཏུ་སྨན་བཅོས་བྱེད་མི་ཐུབ་པ་དང་སྨན་བཅོས་ནར་འགྱངས་བྱེད་དགོས་ལ་ཐུག་ཡོད། ཚོགས་སྤྱི་དེ་དག་ལ་ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཚད་བལྟོས་བཅས་ཀྱིས་མཐོ་བ་དང་གཅོང་ནད་ཕོག་པའི་མི་དེ་དག་ལ་ནད་དུག་གསར་པ་འགོས་རྗེས་འཆི་སླ་བ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།