ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་དུ་རིམས་ནད་བྱུང་རིང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལས་དོན་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། “འདུ་གསུམ་གཞི་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། བློ་རྩེ་གཅིག་སྒྲིམ་ངང་རིམས་ནད་བྱུང་རིང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་པ་བཅས་བྱེད་དགོས་ཟེར།
ཁོང་ཡུང་གིས་བསྟན་དོན། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་དང་དམིགས་བསལ་ཚོགས་སྤྱིར་དམིགས་པ། མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་དམིགས་པ། ལྷག་པར་དུ་རིམས་ནད་བྱུང་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འགན་སྲུང་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་གཞི་རྩའི་མཚམས་ཐིག་མཐའ་གཅིག་ཏུ་བསྲུངས་ཏེ། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱ་ཆེད། དམངས་སྲིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།