ཚེས་བཅོ་ལྔ་ཉིན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲོའུ་ཁག་གི་སྲིད་གཞུང་དབར་རྒྱལ་ཡོངས་ཀྱི་མ་འོངས་པར་རིམས་ནད་ཀྱི་གནས་ཚུལ་གསར་པར་ཁ་གཏད་གཅོག་པའི་སྲིད་ཇུས་ཐད་གྲོས་མཐུན་བྱུང་ཏེ། མིག་སྔའི་སྤྱི་ཚོགས་འབྲེལ་ལམ་ལ་ཚོད་འཛིན་བྱེད་ཐབས་དེ། ཟླ5ཚེས3ཉིན་བར་ཕྱིར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས།
འཇར་མན་གྱིས་མིག་སྔར་ལག་བསྟར་བྱེད་ཀྱིན་པའི། རྒྱལ་དམངས་ཡོངས་ཀྱི་སྤྱི་བའི་འཚོ་བ་དང་འབྲེལ་བའི་བྱེད་སྒོ་ཅི་རིགས་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་དེ། ད་དུང་མུ་མཐུད་དུ་ཟླ་འདིའི་ཚེས19ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། གྲོས་མཐུན་བཀོད་པ་ལྟར། མ་འོངས་པའི་བྱེད་ཐབས་གལ་ཆེན་ཞིག་ནི། སྔར་བཞིན་མི་ཚོགས་འདུ་ས་ནས་མི་གཉིས་ཡན་འདུས་མི་ཆོག་པ་བཟོ་རྒྱུ་དེ་ཡིན་ལ། བྱེད་ཐབས་འདི་ལ་བཙན་དྲག་གི་རང་བཞིན་ལྡན་པར་མ་ཟད། བྱེད་ཐབས་སྣང་མེད་དུ་འཇོག་མཁན་ལ་ཁྲིམས་ཆད་གཅོད་རྒྱུ་རེད།
འཇར་མན་གྱིས་སྨན་བཅོས་འགོག་སྲུང་མཁོ་ཆས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ལ་སྤྱི་པའི་འགྲིམ་འགྲུལ་སོགས་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་ཐབས་བྲལ་བའི་སྤྱི་པའི་ཚོགས་རར་ཁ་ཐུམ་རྒྱག་དགོས་པའི་སྐུལ་མ་གཏོང་བའི་དུས་མཚུངས་སུ། རང་འདོད་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་ནས། ལག་ཐོགས་ཁ་པར་སྤྱད་དེ་རིམས་ནད་ཀྱི་རྗེས་སྙེག་ནས་མཆེད་ལམ་འགོག་པའི་བྱེད་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
གཞན་ཡང་ཟླ་འདིའི་ཚེས20ཉིན་ནས་བཟུང་། རྒྱ་ཁྱོན་སྨི་གྲུ་བཞི་མ800ལས་མི་བརྒལ་བའི་ཚོང་ཁང་ཡིན་ན། གཙང་སྦྲ་འཕྲོད་བསྟེན་དང་མི་སྣ་ཚོད་འཛིན་སོགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་ནས་ལས་ཐོན་སླར་གསོ་ཐུབ་རྒྱུ་དང་། སྐྲ་བཞར་ཁང་སོགས་ཞབས་ཞུའི་ལས་རིགས་ཀྱང་། གཅིག་མཚུངས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག ཆེས་སྔ་ཤོས་ནི་ཟླ5ཚེས4ཉིན་ལས་གཉེར་སླར་གསོ་ཐུབ་པ་དང་། སློབ་གྲྭ་ཆུང་འབྲིང་གིས་ཟླ5ཚེས4ཉིན་ནས་བཟུང་རིམ་བཞིན་སློབ་ཁྲིད་སླར་གསོ་བྱེད་རྒྱུ་རེད།
འཇར་མན་གཞུང་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཚེས15ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་འཇར་མན་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་རིམ་རྩིས་བྱས་ན127584བར་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ3254ཤི་བ། རིམ་རྩིས་བྱས་ན་ནད་པ72600དྲག་སྐྱེད་བྱུང་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།