ཕུའུ་ཅིན་གྱིས་ཨུ་རུ་སིའི་སྲིད་གཞུང་གིས་རིམས་ནད་ཀྱི་གནོད་པ་ཐེབས་པའི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཏོན།
2020.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་རིམས་ནད་ཀྱི་གནོད་པ་ཐེབས་པའི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་འོས་ཟེར།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་སྲིད་གཞུང་གི་ཁོངས་མི་དང་དཔལ་འབྱོར་གནད་དོན་ཐད་ནས་བརྙན་རིས་གྲོས་ཚོགས་བསྡུས་སྐབས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཐད་གནོད་པ་ཆེན་པོ་ཐེབས་པ་དང། སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་ལ་རིན་མི་ལེན་པར་མ་དངུལ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཆོག་པ་དང་། མ་དངུལ་དེ་དག་གཙོ་བོར་ལས་བཟོ་བར་ཟླ་ཕོགས་སྟེར་བ་དང་ལས་ཞུགས་ལས་རྐང་འགན་སྲུང་བྱེད་པའི་ཐད་བཀོལ་དགོས་ཟེར།

ཕུའུ་ཅིན་གྱིས་ད་དུང་སྲིད་གཞུང་གིས་བྱེད་ཐབས་གཞན་པ་སྤྱད་དེ་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཏོན་པ་དང་། དེའི་ཁྲོད་བཟའ་བཏུང་དང་གནས་སྐོར། མགྲོན་ཁང་སོགས་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་ལ་ཨུ་རུ་སིའི་ཀྲུང་དབྱང་དངུལ་ཁང་གི་སྐྱེད་ཀ་ལས་མི་མཐོ་བའི་དངུལ་བུན་བསྐྱི་བ་དང་། ས་གནས་སྲིད་གཞུང་ལ་ཤོག་སྒོར་ལུའུ་པུའུ་ཁྲག་ཁྲིག་གཉིས་ཀྱི་ནོར་སྲིད་མ་དངུལ་བརྩོན་ལེན་བྱེད་པ། མཁའ་འགྲུལ་ལས་རིགས་ལ་ཤོག་སྒོར་ལུའུ་པུའུ་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་གྱི་ནོར་སྲིད་མ་དངུལ་ཀྱི་རྒྱལ་སྐྱོར་འདོན་སྤྲོད་བྱེད་པ། བཟོ་སྐྲུན་ལས་རིགས་དང་རླངས་འཁོར་ལས་རིགས། དངུལ་ཁང་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ཞིབ་བཟོ་བྱེད་པ་སོགས་འདུ་ཟེར།

ཨུ་རུ་སིའི་རིམས་འགོག་བཀོད་འདོམས་པུའུ་ཡི་ཚེས་བཅོ་ལྔ་ཉིན་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་། ཨུ་རུ་སི་རུ་གསར་བྱུང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནད་པ་སྟོང་གསུམ་དང་སུམ་བརྒྱ་གྱ་བརྒྱད་ཡོད་པ་དང་། བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་བཞི་བཞི་བརྒྱ་དགུ་བཅུ་ལ་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གོ་བརྒྱད་ལ་སླེབས་པ་དང་། དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་པའི་ནད་པ་སྟོང་གཅིག་དང་དགུ་བརྒྱ་གྱ་དྲུག་ཡོད་ཟེར།