ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་སོ་སོར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་གཉིས་ལ་ཁ་པར་བཏང་སྟེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དང་སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་ཁ་པར་བརྒྱུད་དེ་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རིམས་འགོག་བྱེད་པ་དང་མཐུན་སྦྱོར་གཞོགས་འདེགས་ཟབ་མོ་བྱས་ཏེ། ཨུ་རུ་སི་དང་ཐུར་ཁེའི་སྤྱི་དམངས་ཕྱིར་རང་ཡུལ་དུ་ལོག་པར་འགན་སྲུང་བྱེད་འདོད་ཡོད་པའི་ཚུལ་བསྟན།
ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས། ངེས་པར་དུ་ཆ་རྐྱེན་མེད་པའི་སྒོ་ནས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ལ། ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་གནད་དོན་ཐད་ནས་དམག་དོན་དང་ཕྱི་འབྲེལ་གྱི་འབྲེལ་འདྲིས་མང་དུ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།
ཕུའུ་ཅིན་དང་ལུའུ་ཧཱ་ནེ་གཉིས་ཀྱིས་ཉིན་དེར་ཁ་པར་བརྒྱུད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཚོད་འཛིན་གནད་དོན་ལ་གྲོས་བསྡུར་བྱས། ལུའུ་ཧཱ་ནེ་ཡིས་ཨུ་རུ་སི་ཡིས་དབྱི་ལིང་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་འཕྲོད་བསྟེན་པུའུ་བར་ཐད་ཀར་འབྲེལ་བ་འཛུགས་པར་ཡིད་འཐད་བྱུང་།
རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་སི་རི་ཡཱའི་གནས་བབ་གླེང་སྐབས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སི་རི་ཡཱའི་གནད་དོན་དུས་གཏན་དུ་ཐག་གཅོད་བྱེད་པ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།