ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་སྤྱི་གྲངས་ལ་ཨ་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་བརྒྱད་ཐེར་འབུམ་བཞི་ཡོད་པའི་མ་དངུལ་རོགས་སྐྱོར་འཆར་གཞི་བརྒྱུད་དེ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ལ་རོགས་སྐྱོར་བྱེད་རྒྱུ་དང་དེའི་ནང་དུ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཆུང་བར་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པ་དང་། སྨན་ཁང་དང་པྲོག་དབྱིབས་ནད་དུག་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་ལས་ཁུངས་ལ་མ་དངུལ་གྱི་རོགས་སྐྱོར་བྱེད་རྒྱུ་སོགས་འདུས་ཡོད།
ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ངག་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་འཆར་གཞི་དེ་ལ་གྲོས་འཆམ་བྱུང་། འཆར་གཞི་དེའི་ནང་དུ་ཁེ་ལས་ཆུང་བའི་རོགས་སྐྱོར་ལས་གཞི་སྟེ་དཔལ་འབྱོར་གྱི་གྱོང་གུད་དང་གནོད་འཚེ་ཐེབས་པར་དངུལ་བུན་བསྐྱི་བའི་འཆར་གཞི་ལག་བསྟར་བྱས་ཏེ་ཨ་སྒོར་ཐེར་ཆེན་དྲུག་གི་བྲེལ་མྱུར་དངུལ་བུན་འདོན་སྤྲོད་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། དེ་ལས་གཞན་འཆར་གཞི་དེའི་ནང་དུ་སྨན་ཁང་ལ་ཨ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་ལྔ་གཏོང་བ་དང་པྲོག་དབྱིབས་ནད་དུག་ཞིབ་བཤེར་ཚད་ལེན་ལས་ཁུངས་ལ་ཨ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་གཏོང་རྒྱུ་ཡིན་པར་མ་ཟད། ཨ་མེ་རི་ཁའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་དང་ཨ་མེ་རི་ཁ་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་གླིང་སོགས་ལས་ཁུངས་ལ་མ་དངུལ་འདོན་སྤྲོད་བྱེད་རྒྱུ་སོགས་གཏན་འཁེལ་བྱས་ཡོད།