ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཞུགས་གཏན་འཇགས་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་ནས་ཚོགས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
དབྱང་ཀྲི་ཝུན་གྱིས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བས་ལས་ཞུགས་གཏན་འཇགས་སུ་གཏོང་བའི་ཐད་སྤྱི་ཚོགས་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། དངོས་གཉེར་གོ་ཆོད་ཀྱི་རོགས་སྐྱོར་སྲིད་ཇུས་ཀྱིས་ལས་ཞུགས་གཏན་འཇགས་སུ་གཏོང་བའི་ཐད་གསོན་ཤུགས་གསར་བ་བསྣན་ལ། མགྱོགས་མྱུར་ཕན་མཐོའི་ལག་བསྟར་རྐྱེན་སྲོལ་གྱིས་ལས་ཞུགས་གཏན་འཇགས་སུ་གཏོང་བའི་ཐད་སྤྱི་ཁོག་གི་བྱ་བའི་གྲུབ་ཚུལ་བཟང་བོ་བསྐྲུན་པ་དང་། ད་སྔར་ལས་ཞུགས་གནས་བབ་བརྟན་བརླིང་ངང་སླར་གསོ་དང་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་པའི་སྒང་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ལས་ཞུགས་ནི་དམངས་ཚིས་རྩ་བ་དང་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན་ལ། ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། གཏན་ཁེལ་བྱས་པའི་དམིགས་འབེན་རྒྱུན་འཁྱོངས་བྱས་ནས། ལས་ཞུགས་གཏན་འཇགས་སུ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གནད་ཕིགས་ཤུགས་འདོན་རྒྱུན་འཁྱོངས་བྱས་ཏེ། ལས་ཐོན་སླར་གསོ་དང་ལས་གཏན་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་ཚོགས་གཙོ་བོའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁག་ཁུར་འགན་འཁྲི་རྒྱུན་འཁྱོངས་བྱེད་པ་དང་། ལས་གཏན་ལས་ཞུགས་ཀྱི་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུས་པ། བྱེད་ཐབས་སྔར་ལས་བཟང་བོ་དང་ཤུགས་ཡོད་ཀྱི་བྱ་བར་བརྟེན་ནས་ལས་ཐོན་སླར་གསོ་དང་ཐོན་སྐྱེད་ཀྱི་ཚད་ལོངས་པར་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་པ་སྔར་ལས་མང་པོའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་བཏང་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པ་དང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྤྱིའི་གཏན་འཇགས་སྲུང་སྐྱོབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་འཇོག་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།