ཀྲུང་གོའི་སྲིད་གཞུང་གིས་ཝུ་ཀན་ཏཱ་རྒྱལ་ཁབ་ལ་ཞལ་འདེབས་སུ་ཕུལ་བའི་རིམས་འགོག་དངོས་རྫས་སྐོར་ཐེངས་དང་པོའི་བརྒྱུད་སྤྲོད་མཛད་སྒོ་ཚེས་ཉེར་བརྒྱད་ཉིན་ཝུ་ཀན་ཏཱའི་འཕྲོད་བསྟེན་པུའུ་ནས་སྤེལ།
བརྒྱུད་སྤྲོད་མཛད་སྒོའི་སྟེང་། ཝུ་ཀན་ཏཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲིན་ཀྲུའུ་ཆང་གིས་དངོས་རྫས་དག་ཝུ་ཀན་ཏཱའི་འཕྲོད་བསྟེན་པུའུ་ཀྲང་ཨ་ཙུན་ལ་སྤྲད། ཞལ་འདེབས་སུ་ཕུལ་བའི་དངོས་རྫས་དེ་དག་ལ་ཁ་ཐུམ་དང་འགོག་སྲུང་ལྭ་བ། ཚ་བཤེར་དཔྱད་ཆས། འགོག་སྲུང་མིག་ཤེལ། ལག་ཤུབས་སོགས་འདུས།
ཨ་ཙུན་གྱིས་ཀྲུང་གོའི་སྲིད་གཞུང་གིས་བསྟུད་མར་ཝུ་ཀན་ཏཱའི་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཝུ་ཀན་ཏཱ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ཀྲུང་གོའི་བར་མཉམ་ལས་བྱས་ཏེ། མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་ཟེར།
ཀྲིན་ཀྲུའུ་ཆང་གིས་བཤད་རྒྱུར། མཐུན་སྒྲིལ་དང་མཉམ་ལས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་གནད་འགག་ཡིན། ཀྲུང་གོར་ཐོག་མར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་མང་བོ་ཐོབ། ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡིས་ཀྱང་རྒྱབ་སྐྱོར་བྱེད་པའི་བསམ་ཚུལ་བསྟན། མིག་སྔར་ཝུ་ཀན་ཏཱ་རྒྱལ་ཁབ་རིམས་ནད་འགོག་རྒོལ་གྱི་གནད་འགག་གི་དུས་རིམ་དུ་གནས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱི་ཁྱབ་ཁོངས་ནས་མུ་མཐུད་དུ་ཝུ་ཀན་ཏཱའི་རིམས་འགོག་ཐད་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཝུ་ཀན་ཏཱའི་བར་རིམས་འགོག་ཉམས་མྱོང་མཉམ་སྤྱོད་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་རིམས་ནད་འགོག་བཅོས་བྱེད་འདོད་ཡོད་ཟེར། ཁོས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཞལ་འདེབས་སུ་ཕུལ་བའི་དངོས་རྫས་སྐོར་ཐེངས་གཉིས་པ་དེ་སྐྱེལ་འདྲེན་བྱེད་པའི་སྒང་ཡིན་ལ། མི་འགྱངས་པར་ཝུ་ཀན་ཏཱ་རུ་འབྱོར་ངེས་ཡིན་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།