ལིས་ཁི་ཆང་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་ཁ་པར་གྲོས་མོལ་མཛད།
2020.05.01 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་དུས་བཅད་ལྟར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཁ་པར་གྲོས་མོལ་མཛད། 

ལིས་ཁི་ཆང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འཛམ་གླིང་ཡོངས་ནས་རྒྱ་ཡན་དུ་མཆེད་པའི་སྐབས་སུ། ཀྲུང་གོ་དང་ཡོ་རོབ་གླིང་གིས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་གི་སྙིང་སྟོབས་དར་སྤེལ་བྱེད་འདོད་ཡོད་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱེད་པ་སོགས་ཐད་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཡོ་རོབ་གླིང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། 

ལིས་ཁི་ཆང་གིས་བསྟན་དོན། ནད་དུག་ལ་རྒྱལ་ཁབ་ཀྱི་ཁྱད་པར་མེད། ཀྲུང་གོ་དང་ཡོ་རོབ་གླིང་གང་ཡིན་ཡང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་འདོད་བློ་བཏོན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འདོད་བློ་དང་དུ་བླངས་ཏེ། རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་སྤྱིའི་མཉམ་ལས་སྤེལ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་མཉམ་དུ་འགོག་སྨན་དང་གསོ་བཅོས་སྨན་རྫས། བརྟག་དཔྱད་འཕྲུལ་ཆས་སོགས་ཀྱི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ལ་ཧུར་ཐག་སྒོས་ཞུགས་ནས། སྤྱི་བའི་འཕྲོད་བསྟེན་མ་ལག་གི་ཞན་ཆའི་ཕྱོགས་ལ་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་སྔ་མོ་ནས་རིམས་ནད་འགོག་རྒོལ་གྱི་རྒྱལ་ཁ་ལོན་པར་རེ་སྒུག་བྱས་ཡོད་ཅེས་གསུངས། 

ཧྥུན་ཏི་ལའེ་ཨིན་གྱིས་བསྟན་དོན། རིམས་ནད་བྱུང་བའི་ཚུན་ལ། ཡོ་རོབ་གླིང་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་ཟབ་མོ་བྱས་ཏེ་དཀའ་ཁག་མཉམ་སེལ་བྱས། རིམས་ནད་འགོག་བཅོས་བྱེད་པར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་དང་མཐུན་སྦྱོར་འགུལ་སྐྱོད་བྱེད་དགོས། ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་མཉམ་དུ་རིམས་ནད་འགོག་རྒོལ་བྱས་ཏེ་རིམ་བཞིན་དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱེད་འདོད་ཡོད་ཟེར།
ཝང་དབྱེ་དང་ཧི་ལི་ཧྥུན་གོང་གི་བྱ་འགུལ་ལ་ཞུགས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།