མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་རྒྱ་ཡན་དུ་མཆེད་པའི་གནས་ཚུལ་འོག་ཏུ། འཛམ་གླིང་ཡོངས་སུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་དང་མི་ཚང་མ་ཆེས་ཛ་དྲག་གི་དཔལ་འབྱོར་དབུལ་ཕོངས་ལས་ཐར་བ། ཆེས་ལེགས་པའི་སླར་གསོའི་བྱེད་ཐབས་འཆར་འགོད་བྱེད་པ་བཅས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གནད་འགག་གི་ལས་འགན་གསུམ་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བརྙན་རིས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོང་གིས་ཟླ་གསུམ་པར་བཏོན་པའི་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འཁྲུག་རྩོད་མཚམས་འཇོག་པའི་འབོད་སྐུལ་ལ་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ས་ཁོངས་རྩ་འཛུགས། ཆོས་ལུགས་གཙོ་འཛིན། དམངས་ཁྲོད་ཚོགས་ཁག་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་ཀྱང་། འབྲེལ་ཡོད་འཁྲུག་རྩོད་ཕྱོགས་ཁག་ལ་སྔར་བཞིན་ཡིད་ཆེས་མེད་པས་འཁྲུག་རྩོད་མཚམས་འཇོག་པ་དེ་ལག་ལེན་དུ་བསྟར་བར་དཀའ་ཁག་ཧ་ཅང་ཆེ་ཟེར། ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་ཡིན་ཡང་སྟོབས་དང་ལྡན་པའི་ཆབ་སྲིད་རྒྱབ་སྐྱོར་ལ་བརྟེན་དགོས་པས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ་དོན་སྙིང་ལྡན་ཞིང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཆོད་དོན་ལ་གྲོས་འཆམ་འབྱུང་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།