ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཐུན་མོང་འབད་བརྩོན་དང་ཕྱོགས་མང་བྱེད་ཐབས་ལ་བརྟེན་ནས་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
2020.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཐཱ་སི་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲིའི་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཐུན་མོང་གི་འབད་བརྩོན་དང་ཕྱོགས་མང་བྱེད་ཐབས་ལ་བརྟེན་ནས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་ཉུང་མཐར་ཡང་ལྟ་ཚུལ་གཉིས་ཡོད་དེ། ལྟ་ཚུལ་གཅིག་གིས་བལྟས་ན་མཉམ་དུ་འབད་བརྩོན་བྱེད་པ་དང་ཕྱོགས་མང་བྱེད་ཐབས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཁེར་རྐྱང་རིང་ལུགས་སྤྱད་དེ་རྒྱལ་མཚམས་ལྟར་དུ་འཛམ་གླིང་ཡོངས་ཀྱི་གནད་དོན་ལ་གཡོལ་འདོད་པའི་བྱེད་ཐབས་དེ་ལག་བསྟར་བྱེད་ཐབས་མེད་པར་འདོད། ལྟ་ཚུལ་གཉིས་པའི་ལྟ་ཚུལ་ཏག་ཏག་དེ་ལས་ལྡོག་ཡོད། ཨུ་རུ་སི་ཡིས་ལྟ་ཚུལ་དང་པོར་རྒྱབ་སྐྱོར་བྱེད་པ་དང་། མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་དུ་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་པའི་འདོད་བློ་བཏོན་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དེང་སྐབས་རྒྱལ་ཁབ་གང་རུང་གི་བྱ་སྤྱོད་ལ་སྐྱོན་འཛུགས་བྱེད་པའི་སྣང་ཚུལ་ཡོད་ལ། དེར་ཨུ་རུ་སིའི་ཕྱོགས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད། ཨ་མེ་རི་ཁས་རིམས་ནད་དབང་གིས་ཀྲུང་གོར་སྐྱོན་འཛུགས་བྱས་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགས་ཀྱང་དེ་ལྟར་སྐྱོན་འཛུགས་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། མིག་སྔར་ཆེས་གལ་ཆེ་བའི་བྱ་བ་ནི་རིམས་ནད་ལས་རྣམ་པར་རྒྱལ་བ་དེ་ཡིན། རིམས་ནད་ཀྱི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་པ་ནི་རྗེས་ཕྱོགས་བསྒྲུབ་དགོས་པའི་དོན་ཞིག་རེད། ཆེད་མཁས་པས་བསྟན་དོན། རིམས་ནད་དེ་ཡང་ཡང་འབྱུང་སྲིད་པ་དང་དུས་ཡུན་རིང་བོ་འགོར་ཡང་སྲིད། དེ་བས་རིམས་ནད་ཀྱི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་པར་བསྟན་ཡོད་ཀྱང་། རྟོག་ཞིབ་ཀྱི་དམིགས་ཡུལ་ནི་འདེམ་ཤོག་བརྩོན་ལེན་བྱེད་པའི་ཆེད་མིན་པར་འཇིགས་ཉེན་དེ་ཐག་གཅོད་བྱེད་པའི་ཐབས་ཇུས་ཆེས་བཟང་བོ་འཚོལ་ཞིབ་བྱེད་དགོས་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།