འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་གཉིས་ཉིན་བརྙན་རིས་གཏམ་བཤད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ནས་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་གསར་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་རྒོལ་ཁྲོད་གནད་འགག་གི་ནུས་པ་འདོན་སྤེལ་བྱས་པ་ནན་བཤད་བྱས།
མའོ་ཁི་ཨར་གྱིས་བཤད་རྒྱུར། འདི་ནི་འཛམ་གླིང་ཁྱབ་ཁོངས་ཧྲིལ་བོའི་ནད་ཡམས་ཆེན་མོ་ཞིག་ཡིན་པས། རྒྱལ་ཁབ་སོ་སོས་ངེས་པར་དུ་མཉམ་ལས་བྱེད་དགོས་པ་ལས་རང་རང་ས་ནས་འབད་འཐབ་བྱེད་མི་རུང་ཟེར། ཁོ་མོས་བཤད་རྒྱུར། ཟླ་གསུམ་པའི་ཟླ་སྨད་དུ་བསྡུས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་། རྒྱལ་ཁབ་སོ་སོས་མཉམ་ལས་ཀྱིས་རིམས་ནད་འགོག་རྒོལ་བྱེད་རྒྱུ་ཐག་བཅད་པ་དང་། དེའི་ནང་མཉམ་འབྲེལ་གྱིས་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པའང་འདུས་ཡོད་ཟེར།
མའོ་ཁི་ཨར་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པ་ནི་རྒྱལ་ཁབ་སོ་སོས་མཉམ་འབྲེལ་འགུལ་སྐྱོད་སྤེལ་བའི་གོ་སྐབས་ཤིག་ཡིན་པར་མ་ཟད། ངེས་པར་དུ་དེ་ལྟར་བསྒྲུབ་དགོས། དེའི་ཞོར་དུ་འགོག་སྨན་གྱིས་མི་ཚང་མར་ཁེ་ཕན་ཐོབ་པར་འགན་སྲུང་བྱེད་དགོས་ཟེར།
ཁོ་མོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཐུན་མོང་གཙོ་སྒྲུབ་ཕྱོགས་ཡིན་པའི་ཆ་ནས་འཇར་མན་གདན་ཞུ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་ལྔ་བའི་ཚེས་བཞི་ཉིན་སྤེལ་རྒྱུ་ཡིན་པའི་དྲ་རྒྱའི་ཞལ་འདེབས་བསྡུ་བའི་གྲོས་ཚོགས་ལ་ཞུགས་ནས་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པར་མ་དངུལ་བསྡུ་དགོས་པའི་རེ་བ་བཏོན་ཡོད་ཟེར། མའོ་ཁི་ཨར་གྱིས་འཇར་མན་གྱིས་སྐབས་ཐོག་དེར་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པར་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།
མའོ་ཁི་ཨར་གྱིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་དང་རིམས་ནད་འགོག་རྒོལ་ཐད་ནས་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཡོད་པ་དང་། འཇར་མན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་མཉམ་ལས་ཟབ་མོ་བྱེད་འདོད་ཡོད་ཟེར། ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་རྒྱལ་སྤྱིའི་ཕྱོགས་མང་འགུལ་སྐྱོད་སྤེལ་ན། ད་གཟོད་རྒྱལ་ཁབ་སོ་སོ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།