དབྱི་ཐ་ལི་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་གཉིས་དང་ཁྲི་གཅིག་ལྷག་ལ་སླེབས།
2020.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་ལྔ་བའི་ཚེས་གསུམ་ཉིན། དབྱི་ཐ་ལིའི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱིས་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་གཉིས་དང་ཁྲི་གཅིག་བདུན་བརྒྱ་བཅུ་བདུན་སླེབས་པ་དང་། དེ་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་གཅིག་དང་སུམ་བརྒྱ་གྱ་དགུ་འཕར་སྣོན་བྱུང་ཞིང་བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་བརྒྱད་བརྒྱད་བརྒྱ་གྱ་བཞི་ཤི་བ་དང་དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་དོན་བཞི་འཕར་སྣོན་བྱུང་།

དབྱི་ཐ་ལི་རྒྱལ་ཁབ་ཟླ་ལྔ་བའི་ཚེས་བཞི་ཉིན་ནས་བཟུང་རིམས་འགོག་དང་དཔལ་འབྱོར་སླར་གསོ་མཉམ་དུ་འཛིན་པའི་དུས་སྐབས་གཉིས་པར་བསྐྱོད་པ་དང་། ལས་རིགས་སོ་སོའི་ལས་ཐོན་རིམ་བཞིན་སླར་གསོ་བྱེད་རྒྱུ་ཡིན་ནའང་རིགས་སོ་སོའི་སློབ་གྲྭ་ད་དུང་སྔར་བཞིན་བཀག་སྡོམ་བྱེད་རྒྱུ་རེད།

དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ཡིས་ཚེས་གསུམ་ཉིན་སྨྱན་བྱད་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་ཐ་ལི་སྲིད་གཞུང་གིས་ཟླ་ལྔ་བའི་ཚེས་བཞི་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཉིན་རེར་མང་ཚོགས་ལ་འགོག་སྲུང་ཁ་ཐུམ་བྱེ་བ་གཅིག་དང་ས་ཡ་གཉིས་སྟེར་རྒྱུ་དང་ཟླ་བརྒྱད་པའི་བར་དུ་ཉིན་རེར་ཁ་ཐུམ་བྱེ་བ་གཉིས་དང་ས་ཡ་བཞི་སྟེར་རྒྱུ་བརྩོན་ལེན་བྱེད་ངེས་ཡིན་ཟེར།