ཕ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་ལྔ་ཉིན་ཅོ་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ལཱ་མུའུ་ཨན་ལ་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་གྱིས་ཚེས་ལྔ་ཉིན་ནས་བཟུང་རིམ་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་གློད་ནས་དཔལ་འབྱོར་བྱ་འགུལ་སླར་གསོ་སླར་གསོ་བྱེད་རྒྱུ་ཡིན་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་ཉིན་དེའི་དགོང་མོར་ཙུང་ལི་བཞུགས་ཤག་ནས་བསྡུས་པའི་ཡར་ཞུ་གྲོས་ཚོགས་སྟེང་རིམ་པ་བཞིན་བཀག་སྡོམ་གློད་འགོ་རྩོམ་རྒྱུ་ཡིན་པའི་འཆར་ཞིག་ངོ་སྤྲོད་བྱས། འཆར་གཞིའི་ནང་། ཚེས་ལྔ་ཉིན་ནས་བཟུང་། མང་ཚོགས་རྣམས་ཉིན་དཀར་ཁང་བའི་ཕྱི་རོལ་དུ་སོང་ཆོག་པ་དང་། དགོང་མོ་ངེས་པར་དུ་ཁྱིམ་དུ་འདུག་དགོས་ལ། ཞིང་ཆེན་སོ་སོའི་བཟོ་སྐྲུན་འཛུགས་སྐྲུན་ལས་གཞི་སླར་གསོ་བྱེད་ཆོག་པ་དང་། རྒྱན་ཆས་འཚོང་ཁང་གིས་གཟའ་སྤེན་པ་དང་གཟའ་ཟླ་བ། གཟའ་ལྷག་པ་ཉིན་བཅས་སུ་སྒོ་ཕྱེས་ནས་ཚོང་གཉེར་བྱེད་ཆོག་ལ། རིམས་ནད་འགོས་ཉེན་ཆེ་བའི་ཞིང་ཆེན་ལས་གཞན་པའི་ཞིང་ཆེན་གྱི་སྐྲ་བཞད་ཁང་དང་མཛེས་བཟོ་ཁང་གིས་གཟའ་སྤེན་པ་དང་གཟའ་པ་སངས་ཉིན་གཉིས་ལ་ཚོང་གཉེར་བྱེད་ཆོག་ན་ཡང། ལས་བྱེད་མི་སྣས་ངེས་པར་དུ་ཁ་ཐུམ་རྒྱག་པ་དང་ལག་ཤུབས་གོན་དགོས། ཉེན་ཁ་ཅུང་ཆུང་བའི་ཞིང་ཆེན་གྱི་སྤྱི་ཐུན་འགྲིམ་འགྲུལ་སླར་གསོ་བྱེད་རྒྱུ་ཡིན་པ་དང་། གྱོན་གོས་དང་ལྷམ་འཚོང་ས། ཁྱིམ་སྤྱོད་གློག་ཆས་ཚོང་ཁང་བཅས་ཀྱིས་ཉིན་རྒྱུན་དུ་ཚོང་གཉེར་བྱེད་ཆོག་ལ། པྲོག་གསར་ནད་དུག་འགོས་ཉེན་ཆེ་བའི་ཞིང་ཆེན་གྱི་རྒྱན་གོས་དང་ལྷམ་འཚོང་ས། ཁྱིམ་སྤྱོད་གློག་ཆས་ཚོང་ཁང་བཅས་ཀྱིས་གཟའ་འཁོར་གཅིག་ནང་ཉིན་གསུམ་ལ་མ་གཏོགས་ཚོང་གཉེར་བྱེད་མི་ཆོག་ཅེས་བཤད་ཡོད།