ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་དྲུག་ཉིན་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་སྲུང་བྱ་བའི་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་སྙན་ཞུར་ཉན་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་གི་སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནངས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་མཛུབ་སྟོན་ཚན་ཆུང་མངག་གཏོང་བྱས་ཏེ། ཏང་ཀྲུང་དབྱང་གི་རིམས་ནད་འགོག་སྲུང་བྱ་བའི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་ལེན་དངོས་འབེབ་བྱེད་པ་དང་། ཕྱོགས་ཡོངས་ནས་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོའི་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པར་སྐུལ་མ་གཏོང་རྒྱུ་ཐག་བཅད། ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཧུའུ་པེ་མི་དམངས་དང་ཧུའུ་ཧན་མི་དམངས་ལ་མཉམ་འབྲེལ་བྱས་ཤིང་། གཙོ་བོ་འབྱུང་སའི་འགོག་སྲུང་དང་ནད་པའི་གསོ་བཅོས། དངོས་རྫས་འགན་སྲུང་བཅས་བྱ་བ་སྣ་གསུམ་དམ་འཛིན་བྱེད་པ་དང་། ནུས་པ་ཡོད་དགུ་བཏོན་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་དགོས་ལ། ཧུར་ཐག་སྒོས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྲུང་ཐད་སྟོབས་ཤུགས་བཏོན་ནས་ཀྲུང་གོའི་སྟོབས་ཤུགས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ཕན་འབྲས་བཅས་མངོན་པར་བྱས་ཏེ། རིམས་ནད་འགོག་སྲུང་གི་མི་དམངས་འཐབ་འཁྲུག་དང་སྤྱིའི་འཐབ་འཁྲུག འགོག་རྒོལ་འཐབ་འཁྲུག་བཅས་ཀྱི་རྒྱལ་ཁ་ལོན་པར་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཕྱི་རྒྱལ་གྱི་རིམས་ནད་རྒྱ་ཡན་དུ་འགྲོ་བའི་རྣམ་པར་ཕན་ནུས་ལྡན་པའི་ཚོད་འཛིན་ཐེབས་མེད་པ་དང་། རྒྱལ་ནང་གི་ས་ཁུལ་རེ་འགར་གཅིག་འདུས་རང་བཞིན་གྱི་རིམས་ནད་བྱུང་ཡོད་ལ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་གཏན་འཇགས་མིན་པའི་རང་བཞིན་མང་བོ་ལྡན། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་འགོག་སྲུང་དེ་འཕྲལ་སྒྲུབ་རང་བཞིན་ནས་རྒྱུན་སྲོལ་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་འགོག་སྲུང་དུ་བསྒྱུར་ཡོད་ཀྱང་། འགོག་སྲུང་བྱེད་ཐབས་ཇེ་ལྷོད་དུ་བཏང་ཆོག་པའི་མཚོན་རྟགས་མ་ཡིན། ཏང་ཀྲུང་དབྱང་གིས་མུ་མཐུད་དུ་འབྲེལ་གཏུག་ཚན་ཆུང་མངག་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་སྲུང་གི་རྗེས་མཐུད་མཛུབ་སྟོན་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད། མུ་མཐུད་དུ་དྲག་སྐྱེད་བྱུང་བའི་ནད་པའི་ཁམས་གསོ་དང་སེམས་ཁམས་ཀྱི་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱེད་ཐབས་དངོས་འབེབ་བྱེད་པར་སྐུལ་མ་གཏོང་བ་དང་། ཕྱི་ཡོང་ལ་བཀག་འགོག་བྱེད་པ་དང་ནང་ཁུལ་ནས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་ལ། བྱ་བ་སྣ་ཚོགས་དམ་འཛིན་གང་ལེགས་བྱེད་པ་དང་རིམས་ནད་འགོག་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ལས། སྔོན་ཆད་ཀྱི་ངལ་བ་འབྲས་མེད་དུ་གཏན་ནས་གཏོང་མི་རུང་། མཐུན་སྦྱོར་བྱས་ཏེ་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བར་སྐུལ་འདེད་གཏོང་བའི་ཞོར་དུ། ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་དངོས་འབེབ་བྱེད་པར་ཡར་སྐུལ་བྱས་ཏེ། ཐོན་ལས་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་མྱུར་མོར་སླར་གསོ་བྱེད་དགོས་ཞེས་གསུངས།
གྲོས་ཚོགས་ནས་དུས་ལྟར་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་འགོག་སྲུང་གི་ལག་ལེན་ཁྲོད་ཕན་ནུས་ལྡན་པའི་བྱེད་ཐབས་ལ་སྤྱི་བསྡོམས་དང་བེད་སྤྱོད་གང་ལེགས་བྱེད་དགོས་པ་དང་། དེ་ལས་བྱུང་བའི་གནད་དོན་དང་མི་འདང་ས་ཁ་གསབ་བྱས་ཤིང་། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་ལུགས་ལེགས་བཅོས་བྱེད་པ་དང་། རིམས་ནད་འགོག་སྲུང་མ་ལག་བཅོས་བསྒྱུར་བྱེད་པ། རིམས་ནད་ཚད་འཇལ་གྱི་ཉེན་བརྡ་གཏོང་བའི་ནུས་པ་ཇེ་ཆེར་གཏོང་བ། སྤྱི་བའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་བཅས་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། རིམས་ནད་ཆེན་མོ་དང་སྤྱི་བའི་འཕྲོད་བསྟེན་འཕྲལ་སྒྲུབ་ཀྱི་དོ་དམ་དང་གསོ་བཅོས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། སྔོན་འགོག་གཙོར་འཛིན་རྒྱུན་འཁྱོངས་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བྱེད་ཐབས་གསར་གཏོད་བྱེད་པ། མཁར་གྲོང་གི་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། སྤྱི་བའི་འཕྲོད་བསྟེན་གྱི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཤུགས་ཆེན་པོས་བདེ་ཐང་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། དཔལ་ཡོན་བདེ་ཐང་དང་ལྷད་མེད་ཁོར་སྲུང་གི་འཚོ་བའི་བྱེད་ཐབས་འདོན་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ད་རུང་ནང་དོན་གཞན་པར་ཞིབ་འཇུག་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།