ཟླ་ལྔ་བའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་དུ་བསྡུས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཝུའུ་ཧན་གྱི་བདེ་སྲུང་དང་ཧུའུ་པེ་ཞིང་ཆེན་གྱི་བདེ་སྲུང་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་། རིམས་ནད་འགོག་སྲུང་བྱ་བར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པར་མ་ཟད། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་འདོམ་དང་ཡར་སྐུལ་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ང་ཚོས་མུ་མཐུད་དུ་བྱ་བ་སྣ་ཚོགས་དམ་འཛིན་གང་ལེགས་བྱེད་པ་དང་། དུས་ངེས་མེད་དུ་རིམས་འགོག་ཚོད་འཛིན་བྱ་བར་དོགས་ཟོན་བྱས་ཏེ། ཐོན་ལས་སླར་གསོ་དང་སློབ་ཁྲིད་སླར་གསོ་ལ་ཡར་སྐུལ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ཝང་དབྱང་། ཝང་ཧུའུ་ཉིང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་བྱ་བའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་མཛད།
བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨི་ཞང་དང་། ཀྲུང་གོའི་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏེན་ཀྲུང་ལིས། ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་ཀྲུང་གི་ཀྲུའུ་ཞི་ཧའོ་མེན་ཅིན། ཀྲུང་གོའི་དམངས་གཙོ་སྐུལ་འདེད་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཚེ་ཏཱ་ཧྥུན། ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཀྲུའུ། ཀྲུང་གོའི་ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་སུང་ཆི་ཞིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཁོ་ཚོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པས་རང་རྒྱལ་གྱི་རིམས་ནད་འགོག་སྲུང་བྱ་བར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅིང་། རྒྱལ་ནང་གི་རིམས་ནད་ཕལ་ཆེར་ཚོད་འཛིན་བྱེད་ཐུབ་ཡོད་ལ། ཕྱི་ཡོང་ནད་པའི་ཁ་གྲངས་ཀྱང་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་མོར་སླར་གསོ་བྱས་པ་དང་། མི་རིགས་ཀྱི་ལ་རྒྱའི་འདུ་ཤེས་དང་ཡིད་ཆེས། གོང་བུར་འདྲིལ་ཤུགས་བཅས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཁྱད་སྟོབས་དང་ཀྲུང་གོའི་འགན་ཁུར་བའི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་མངོན་པར་མཚོན་ཡོད་ཟེར། ཁོ་ཚོས་ཀྲུང་གུང་ཀྲུང་དབྱང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་ལ་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་བཀོད་སྒྲིག་ལ་གཟེངས་བསྟོད་བྱས་ཤིང་། འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་དང་གྲོས་ཞིབ་མཆན་བཀོད། བེད་སྤྱོད་བཅས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། རིམས་ནད་ཚབས་ཆེན་གྱི་འགོག་སྲུང་གི་ཚན་རྩལ་རྒྱབ་བརྟེན་ཇེ་དྲག་ཏུ་གཏོང་བ། གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་བྱེད་པའི་སློབ་གསོ་དང་ཤེས་ལྡན་མི་སྣའི་གསོ་སྐྱོང་ལ་ཤུགས་སྣོན་པ། ཐོན་ལས་སླར་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། དངུལ་ལོར་ཚོང་རའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། གཏན་འཇགས་དྲུག་གི་བྱ་བར་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པ། ཀྲུང་གོའི་རིམས་འགོག་གཏམ་རྒྱུད་དྲིལ་སྒྲོག་གང་ལེགས་བྱེད་པ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།
ཚང་མའི་གཏན་བཤད་ལ་ནན་ཏན་གྱིས་ཉན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། གློ་བུར་དུ་བྱུང་བའི་རིམས་ནད་ལ་ཀྲུང་གུང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཆེ་ཕྱོགས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ་དང་སེམས་གནད་ལ་ཕབ་སྟེ་ཁ་གཏད་འཇལ་བ། འགོག་སྲུང་དང་གསོ་བཅོས་ཀྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ནས། ཟླ་ངོ་གཅིག་ལྷག་གི་དུས་ཚོད་ནང་རིམས་ནད་རྒྱ་ཡན་དུ་འགྲོ་བའི་རྣམ་པ་ཞི་འཇགས་སུ་བཏང་བ་དང་། ཟླ་ངོ་གཉིས་ཡས་མས་ཀྱི་དུས་ཚོད་ནང་ས་གནས་རང་ནས་གསར་དུ་བྱུང་བའི་ནད་པའི་ཁ་གྲངས་དེ་གྲངས་གནས་གཉིས་ཀྱི་ནང་ཚོད་འཛིན་ཐུབ་པ་བྱུང་། ཟླ་ངོ་གསུམ་གྱི་དུས་ཚོད་ནང་ཝུའུ་ཧན་དང་ཧུའུ་པེ་ཞིང་ཆེན་གྱི་རིམས་འགོག་བྱ་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ང་ཚོ་ལྟ་བུའི་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཡོད་པའི་རྒྱལ་ཁབ་ཆེན་མོ་ཞིག་ལ་མཚོན་ན་གྲུབ་འབྲས་དེ་འདྲ་ནི་ཐོབ་པར་དཀའ་བ་ཞིག་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་འགོག་རྒོལ་གྱི་གནད་འགག་གི་དུས་སྐབས་སུ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་བྱས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཤིང་། དུས་ཐོག་ཏུ་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་བརྡ་ཐོ་བཏང་སྟེ། རྒྱ་ཆེའི་ཁོངས་མི་དག་གིས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཤེས་ལྡན་མི་སྣའི་ཁྱད་སྟོབས་དང་རིག་ནུས་ཁྱད་སྟོབས། འབྲེལ་འདྲིས་ཁྱབ་རྒྱ་ཆེ་བའི་ཁྱད་སྟོབས་བཅས་འདོན་སྤེལ་བྱས། དམངས་གཙོ་ཏང་ཁག་སོ་སོའི་སྨན་བཅོས་མི་སྣ་ཁྲི་དྲུག་ལྷག་རྩ་འཛུགས་བྱས་ཏེ་རིམས་ནད་འགོག་སྲུང་གི་ལས་ཡུལ་དང་པོར་ཞུགས། རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ་དང་ཁེ་ལས་ཀྱི་ཐོན་ལས་སླར་གསོའི་བྱ་བར་རོགས་རམ་བྱེད་པ། ཕྱི་ཡོང་ནད་པའི་རིམས་འགོག་སོགས་གནད་དོན་གལ་ཆེན་ལ་དམིགས་ཏེ་རྟོག་དཔྱོད་ཞིབ་འཇུག་དང་བློ་འདོན་ཇུས་འབུལ་བྱས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལ་རམ་འདེགས་བྱས་ཏེ་བསམ་བློའི་བྱ་བ་བཟང་བོར་བསྒྲུབ་པ་དང་། དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་སྣོན་བྱས། དེའི་ཞོར་དུ་རྒྱ་ཆེའི་ཁོངས་མི་དག་གིས་ལང་ལོང་སྒོས་ཞལ་འདེབས་འབུལ་བར་སྐུལ་སློང་བྱས་ནས་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས་པའི་ཐད་སྟོབས་ཤུགས་གང་ཡོད་བཏོན་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་བཀའ་དྲིན་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཚང་མས་གཏམ་བཤད་སྤེལ་སྐབས་རང་རྒྱལ་གྱི་རིམས་ནད་འགོག་རྒོལ་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་རིམས་ནད་འགོག་སྲུང་བྱ་བའི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གཟེངས་བསྟོད་བྱས་པར་མ་ཟད། མུ་མཐུད་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་གཅིག་གྱུར་བཀོད་འདོམ་བྱེད་པ། སྤྱི་བའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་འཛུགས་པ་སོགས་ཀྱི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་ཡོད། ང་ཚོས་བསམ་འཆར་དང་གྲོས་གཞི་དེ་དག་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ་དང་ལེན་བྱེད་ངེས་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་བྱེད་སྐབས་རང་རྒྱལ་གྱི་རིམས་ནད་འགོག་སྲུང་སྒྲིག་ལུགས་རྐྱེན་སྲོལ་དང་སྤྱི་བའི་འཕྲོད་བསྟེན་མ་ལག་སོགས་ཐད་ཀྱི་ཞན་ཆ་མངོན་པར་བྱས་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བཅོས་བསྒྱུར་བྱས་ཏེ་འཐུས་ཚང་དུ་གཏོང་བ་དང་། འཕྲལ་སྒྲུབ་མཁོ་དངོས་ཀྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གནད་འགག་ལག་རྩལ་ཐད་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་སྒྲིག་ལུགས་འཛུགས་སྐྲུན་བྱེད་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ། རྒྱུན་ཆད་མེད་པར་རང་རྒྱལ་གྱི་སྤྱི་བའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་བཏང་སྟེ། གློ་བུར་དུ་བྱུང་བའི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཕྱི་རྒྱལ་གྱི་རིམས་ནད་གནས་ཚུལ་སྔར་བཞིན་ཚབས་ཆེ་བས། རང་རྒྱལ་གྱིས་ཕྱི་ཡོང་ནད་པར་འགོག་བཅོས་བྱེད་པའི་གནོན་ཤུགས་བསྟུད་མར་ཇེ་ཆེར་འགྲོ་བཞིན་ཡོད་ལ། རྒྱལ་ནང་དུ་རིམས་ནད་ཡང་བསྐྱར་འབྱུང་བའི་ཉེན་ཁ་སྔར་བཞིན་གནས་ཡོད། ཡང་དག་ཕན་ནུས་ལྡན་པའི་སྒོ་ནས་ཕྱི་ཡོང་ནད་པའི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་། ས་ཁུལ་གཙོ་བོའི་རིམས་ནད་འགོག་སྲུང་བྱ་བ་དམ་འཛིན་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་དངོས་འབེབ་དང་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་རང་ཉིད་འགོག་སྲུང་དང་དོ་དམ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རིམས་ནད་ཡང་བསྐྱར་འབྱུང་བར་དོགས་ཟོན་ནན་མོ་བྱེད་དགོས།
ཞི་ཅིན་ཕིང་གིས་ཚང་མར་རེ་བ་གསུམ་བཏོན་ཡོད་དེ། གཅིག་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་དང་། ཆབ་སྲིད་ལང་ཕྱོགས་བརྟན་པོ་ཡིན་པ། ཡིད་ཆེས་བཞི་བརྟན་པོའི་སྒོ་ནས་མུ་མཐུད་དུ་ཀྲུང་གོའི་གུང་ཁྲན་ཏང་དང་མཉམ་དུ་མདུན་བསྐྱོད་དང་དཀའ་ཁག་མཉམ་སེལ་བྱེད་དགོས། གཉིས་ནས་མུ་མཐུད་དུ་རིམས་ནད་འགོག་སྲུང་དང་འཕེལ་རྒྱས་ཡར་སྐུལ་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང་། རྟོག་དཔྱོབ་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། སྔོན་དཔག་རང་བཞིན་གྱི་འཆར་འགོད་དང་ཆོས་ཉིད་རང་བཞིན་གྱི་བསམ་གཞིགས་ལ་ཤུགས་སྣོན་བྱས་ཏེ། གནད་ལ་འཁེལ་བའི་བསམ་འཆར་འདོན་པ་དང་གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་ནས་འགན་སྲུང་དྲུག་གི་ལས་འགན་དངོས་འབེབ་བྱེད་དགོས། གསུམ་ནས་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་གསར་བསྐྲུན་བྱེད་པར་རོགས་རམ་བྱེད་པ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་དོ་སྣང་གང་ལེགས་བྱས་ཏེ། དོགས་གཞི་སེལ་བའི་བྱ་བ་དུས་ལྟར་སྤེལ་བ་དང་ཀྲུང་གོའི་རིམས་འགོག་གཏམ་རྒྱུད་དྲིལ་སྒྲོག་གང་ལེགས་བྱེད་དགོས།
ཏེན་ཞོས་ཞང་དང་། ལིག་ཧི། སུན་ཁྲུན་ལན། ཧོང་ཁོན་མེན། ཚེ་ཆི། ཡུག་ཆོན། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི། ཧི་ལི་ཧྥུན། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣར་ད་རུང་ཁྲིན་ཞའོ་ཀོང་དང་ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧོང་། ཅང་ཙོ་ཅོན། ལིས་མའོ་ཧྥུན། ཞེ་ཅིན་རོང་། ཧྲའོ་ཧྥུན་སོགས་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།