རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་དགོང་མོར་ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་དང་ཁ་པར་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། སྐུ་ཉིད་ཀྱིས་འཕྲིན་ཡིག་བསྐུར་ནས་ཀྲུང་གོའི་མི་དམངས་ལ་འཚམས་འདྲི་བྱས་པར་བདག་གིས་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོ་དང་ཕུའུ་ཐའོ་ཡཱ་ཡིས་དཀའ་སྡུག་མཉམ་མྱོང་བྱས་ཤིང་། ཀྲུང་གོའི་ཕྱོགས་ཀྱིས་ཕུའུ་ཐའོ་ཡཱ་ཡིས་རིམས་ནད་འགོག་རྒོལ་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱི་རོགས་རམ་འདོན་སྤྲོད་བྱེད་པ་དང་ཕུའུ་ཐའོ་ཡཱའི་ཕྱོགས་ཀྱིས་ཀྲུང་གོ་ནས་སྨན་བཅོས་མཁོ་དངོས་ཉོ་བསྡུ་དང་སྐྱེལ་འདྲེན་བྱེད་པར་རམ་འདེགས་གང་ལེགས་བྱེད་འདོད་ཡོད། རིམས་ནད་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་བའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གསུམ་མཉམ་ལས་འཚོལ་ཞིབ་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏང་དགོས། བདག་གིས་སྐུ་ཉིད་བར་གྱི་མཛའ་བཤེས་ལ་མཐོང་ཆེན་བྱེད་པ་དང་སྐུ་ཉིད་བར་འབྲེལ་འདྲིས་སྲུང་འཛིན་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་ནི་མིའི་རིགས་ཀྱིས་གནོད་འཚེ་སྣ་ཚོགས་ལ་འགོག་རྒོལ་དང་དེ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཡིན། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ང་ཚོའི་ཕྲག་ཏུ་བབས་པའི་ལོ་རྒྱུས་འགན་འཁྲི་ཡིན། རྒྱལ་ཁབ་སོ་སོས་ལས་དབང་གཅིག་སྦྲེལ་གྱི་བསམ་བློས་མཐུན་སྒྲིལ་རོགས་ལས་བྱས་ན། ད་གཟོད་དུས་རབས་རང་བཞིན་གྱི་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་དམིགས་འབེན་ལ་ཁ་ཕྱོགས་ནས་མདུན་བསྐྱོད་བྱེད་ཐུབ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་ནས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཆེ་མཐོང་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་གླིང་། ཀྲུང་གོ་དང་ཕུའུ་ཐའོ་ཡཱ་ཡིས་ལག་རྡང་སྦྲེལ་ནས་འབད་བརྩོན་གང་ལེགས་བྱེད་དགོས་ཞེས་གསུངས།
ཏི་སོ་སཱ་ཡིས་བསྟན་དོན། ཕུའུ་ཐའོ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་ཁྲོད་ནས་མངོན་པར་བྱས་པའི་འདུ་ཤེས་བརྟན་པོར་ཡི་རང་བྱེད་བཞིན་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོའི་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་རྒྱབ་སྐྱོར་དང་རོགས་རམ་ལ་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་རོགས་རམ་ལས་ཕུའུ་ཐའོ་ཡཱའི་ཕྱོགས་ཀྱི་རིམས་ནད་འགོ་རྒོལ་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་མཛའ་བརྩེ་དེ་མ་འོངས་པར་ཁ་ཕྱོགས་ཡོད་ཅིང་། མཉམ་དུ་རིམས་ནད་འགོག་རྒོལ་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ངེས་པར་དུ་ཇེ་ཟབ་ལ་འགྲོ་སྲིད་པ་དང་། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་འགྲོ་སྲིད། རིམས་ནད་མཇུག་སྒྲིལ་རྗེས་མྱུར་མོར་ཁྱེད་ཉིད་དང་མཇལ་འཛོམས་བྱུང་སྟེ་ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།