ཨི་རུ་སི་དང་དབྱི་ཐ་ལིའི་འགོ་གཙོ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིམས་འགོག་མཉམ་ལས་མུ་མཐུད་དུ་རྒྱ་སྐྱེད་རྒྱུ་ཡིན་པའི་ཚུལ་བསྟན།
2020.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བརྒྱད་ཉིན་དབྱི་ཐ་ལིའི་ཙུང་ལི་ཁུང་ཐི་དང་ཁ་པར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཕྱོགས་ཀྱི་མཉམ་ལས་མུ་མཐུད་དུ་རྒྱ་སྐྱེད་པར་འཐད་པ་བྱུང་།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པའི་གསལ་བསྒྲགས་ལྟར་ན། ཕུའུ་ཅིན་དང་ཁུང་ཐི་གཉིས་ཀྱིས་ཁ་པར་ཁྲོད་མིག་སྔའི་ཨུ་རུ་སི་དང་དབྱི་ཐ་ལིའི་མཛའ་བརྩེ་འབྲེལ་བ་འཕེལ་རྒྱས་སུ་སོང་བར་ཡིད་ཚིམ་པའི་ཚུལ་བསྟན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ནན་གྱིས་བསྟན། ཁོ་ཚོས་རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཕྱོགས་ཀྱི་མཉམ་ལས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་བར་གྱི་རིམས་འགོག་མཉམ་ལས་མུ་མཐུད་དུ་རྒྱ་སྐྱེད་པར་འཐད་པ་བྱུང་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ཁུང་ཐི་ཡིས་ཨུ་རུ་སི་ཡིས་དབྱི་ཐ་ལི་དཀའ་ཁག་ལ་འཕྲད་པའི་སྐབས་སུ་དུས་ཐོག་ཏུ་ཕན་ཡོད་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་དང་། ཨུ་རུ་སིའི་དམག་དཔུང་གི་སྨན་བཅོས་མི་སྣར་ཆེད་ལས་རང་བཞིན་མཐོན་པོ་ལྡན་ཞེས་བསྟན་ཡོད།

གསལ་བསྒྲགས་ནང་བཤད་རྒྱུར། ཕུའུ་ཅིན་དང་ཁུང་ཐི་གཉིས་ཀྱིས་ཕན་ཚུན་ལ་འཛམ་གླིང་གི་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ཐད་ནས་རྒྱལ་ཁ་བླངས་ནས་ལོ་འཁོར་དོན་ལྔ་ལོན་པར་རྟེན་འབྲེལ་ཞུས་པ་དང་། འཛམ་གླིང་འཐབ་འཁྲུག་ཆེན་པོའི་ཐད་ཀྱི་བསླབ་བྱ་ནན་མོ་བསྡུ་ལེན་བྱས་ནས། དེང་སྐབས་ཀྱི་རྒྱལ་སྤྱི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་དང་འགྲན་རྩོད་ལ་ཁ་གཏད་པའི་ཕྱོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར།