འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡེ་མིན་དུ་སྡོད་པའི་དོན་གཅོད་ཁང་གིས་ཚེས་བཅུ་ཉིན་བཤད་རྒྱུར། ཡེ་མིན་གྱི་རིམས་ནད་གནས་ཚུལ་ལ་གཞིགས་ཏེ། རྩ་འཛུགས་དེས་ཡེ་མིན་གྱི་ཞིང་ཆེན་བཞིའི་བྱ་འགུལ་མཚམས་བཞག་ཡོད་ཟེར།
ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡེ་མིན་དུ་སྡོད་པའི་དོན་གཅོད་ཁང་གིས་རང་གི་ལས་བཟོ་བར་འཕྲིན་ཡིག་བསྐུར་ཏེ་སཱ་ནཱ་ཞིང་ཆེན་དང་སཱ་ཏཱ་ཞིང་ཆེན། དབྱེ་པུའུ་ཞིང་ཆེན། ཧི་ཐེ་ཏཱ་ཞིང་ཆེན་བཅས་སུ་ཡོད་པའི་བྱ་བའི་མི་སྣས་དུས་གཞན་ནས་བརྡ་ཐོ་གཏོང་རག་བར་དུ་བྱ་འགུལ་ཡོད་ཚད་མཚམས་འཇོག་དགོས་ཟེར།
བསྒྲགས་པ་ལྟར་ན། ཞིང་ཆེན་བཞིའི་ས་ཁུལ་མང་ཆེ་བ་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡེ་མིན་དུ་སྡོད་པའི་དོན་གཅོད་ཁང་གི་མིང་བཤད་མི་འདོད་པའི་ལས་བཟོ་བ་ཞིག་གིས་གསར་འགོད་པར་བཤད་རྒྱུར། བྱ་སྤྱོད་དེ་ནི་འབྲེལ་ཡོད་ལས་བཟོ་བའི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ལ། ཞོར་དུ་ཧུའུ་སེ་དྲག་ཆས་པས་མངོན་གསལ་གྱིས་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱེད་ཐུབ་པའི་རེ་བ་བཅངས་ཡོད་ཟེར།
ཟླ་ལྔ་བའི་ཚེས་ལྔ་ཉིན། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་རང་གིས་ཚོད་འཛིན་བྱེད་པའི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་ཐོག་མ་བྱུང་བ་ཁྱབ་སྒྲོག་བྱས།
མིག་སྔའི་བར་དུ་ཡེ་མིན་དུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་སོ་དྲུག་ཡོད་པ་དང་། དེའི་ནང་ནད་པ་གཅིག་དྲག་སྐྱེད་བྱུང་བ་དང་། ནད་པ་བརྒྱད་རྐྱེན་ལམ་དུ་ཤོར། ནད་ངོས་འཛིན་བྱས་པའི་ནད་པའི་ཁྲོད་ནད་པ་སོ་བཞི་ཡེ་མིན་སྲིད་གཞུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་ཡིན་པ་དང་། ནད་པ་གཉིས་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་ཡིན་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།