ཁོང་ཡུང་གིས་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་གྱི་སྔ་ནུབ་ཏུ་ནད་གཡོག་ལས་གཉེར་པར་འཚམས་འདྲི་བྱས།
2020.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་ལྔ་བའི་ཚེས་དགུ་ཉིན། རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ཐེངས་བརྒྱ་དང་དགུ་པ་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་དང་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ། ཞིང་ཆེན་མི་དམངས་སྨན་ཁང་བཅས་སུ་སོང་ནས། ནད་གཡོག་ལས་རིགས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བ། རྒྱ་ཆེ་བའི་ནད་གཡོག་ལས་གཉེར་པ་བཅས་ལ་འཚམས་འདྲི་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་དུས་ཆེན་གྱི་སྨོན་འདུན་ཞུས།

ཁོང་ཡུང་གིས་བསྟན་དོན། རྒྱ་ཆེའི་ནད་གཡོག་ལས་གཉེར་པ་ནི་ཚེ་སྲོག་ལ་མགོན་སྐྱབས་གནང་མཁན་གྱི་གོས་དཀར་ཕོ་ཉ་ཞིག་ཡིན་པ་དང་། ནད་གཡོག་བྱ་གཞག་དང་ལྷག་པར་དུ་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར། མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་གཟུགས་པོ་དང་སེམས་ཁམས་ཀྱི་གནོན་ཤུགས་ཐེག་བཞིན་ཡོད། བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་འགོག་པའི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་བར་སྤྱི་ཚོགས་ཀྱི་ཁས་ལེན་དང་བརྩི་འཇོག་གང་ལེགས་ཐོབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་“ཚེ་སྲོག་ལ་བརྩི་བཀུར་དང་སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་ཆེན་པོར་མུ་མཐའ་མེད་པ”བཅས་ཀྱི་ལས་རིགས་སྙིང་སྟོབས་དངོས་འབྲེལ་གསལ་བཤད་བྱས་ཡོད་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་ལས་གཉེར་པས་ནན་ཏིང་ཀེའར་གྱི་སྙིང་སྟོབས་ཀྱི“འགོ་འཛུགས”རྒྱུན་འཛིན་བྱ་རྒྱུར་གཞི་ཚུགས་ནས། “བདེ་ཐང་དང་ཚེ་སྲོག་ལ་ཐུག་པའི”བླ་ན་མེད་པའི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། གཅེས་སེམས་དང་ཞིབ་ཚགས། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་ནད་པ་བློ་བདེ་བ་དང་སེམས་བདེ་བ། ཡིད་ཚིམས་པ་བཅས་ཡོང་བར་བྱེད་དགོས་པ་དང་། ནད་གཡོག་ལས་རིགས་ལ་དགའ་ཞེན་བྱེད་པའི་“བླ་ན་མེད་པའི་ལས་འགན”འདི་མངོན་དགོས་ཤིང་། རྒྱུན་ཆད་མེད་པར་སྤུས་ལེགས་ནད་གཡོག་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་ནད་སྐྱོང་གཞི་གཅིག་ཅན་གྱི་ཆེད་ལས་ནད་གཡོག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། “འགག་གནད”འདི་ཁོང་དུ་ཆུད་པར་བྱེད་པ་དང་། ལས་རིགས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། ཉམས་སད་ཐེག་ཐུབ་པའི་ནད་གཡོག་འཇོན་ཐང་སྦྱོང་བ། ནད་གཡོག་བྱ་གཞག་གི་དུས་རབས་གསར་པའི་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་པ་བཅས་ལ་འབད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།