ན་གཞོན་ལས་བྱེད་པ་རྫོང་དང་ཞང་དུ་ལས་འགན་ཁུར་བར་མངག་པའི་ཐུན་མོང་གི་གླེང་མོལ་ཚོགས་འདུ་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁེ་ལས་དང་ལས་དོན་སྡེ་ཁག་དང་ཟི་ལིང་། མཚོ་ཤར་ནས་བདམས་པའི་རྫོང་དང་ཞང་དུ་ལས་འགན་ཁུར་བར་མངག་པའི་ན་གཞོན་ལས་བྱེད་པ་བརྒྱ་དང་གཅིག་ཐུན་མོང་གི་གླེང་མོལ་ཚོགས་འདུར་ཞུགས།
ཝང་ཡུས་ཡན་གྱིས་བསྟན་དོན། ན་གཞོན་ལས་བྱེད་པ་བདམས་ནས་རྫོང་དང་ཞང་དུ་ལས་འགན་ཁུར་བར་མངག་རྒྱུ་ནི་མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་དང་། གཞི་རིམ་བྱ་བའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་དགོས་མཁོ། ན་གཞོན་ལས་བྱེད་པ་སྐྱེད་སྲིང་བྱེད་པའི་དགོས་མཁོ་ཡིན་ལ། ཞིང་ཆེན་ཏང་ཨུས་གཞི་རིམ་ལ་མཐོང་ཆེན་བྱེད་པ་དང་གཞི་རིམ་ལ་ཤུགས་སྣོན་པ། གཞི་རིམ་ལ་རྒྱབ་སྐྱོར་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་དང་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ན་གཞོན་ལས་བྱེད་པས་ཕུགས་འདུན་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས། རང་སྟེང་གི་བྱང་ཚད་མཐོར་འདེགས་གཏོང་བ་དང་། འགོ་གཙོའི་བསམ་བློ་དང་ཆེད་ལས་ཤེས་བྱ། བྱེད་ཐབས་ཉམས་མྱོང་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། ནུས་པ་མཐོར་འདེགས་གཏོང་བ་དང་བྱ་བར་འབད་འཐབ་བྱེད་པ། གྲུབ་འབྲས་ལེན་པའི་ནུས་པ་མཐོར་འདེགས་བཏང་ནས། ལས་དོན་ཐད་ཀྱི་འགན་འཁྲི་སེམས་པ་རྒྱུན་འཁྱོངས་བྱེད་དགོས། ཕུལ་བྱུང་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ། ཁེངས་སྐྱུང་གཟབ་ནན་རྒྱུན་འཁྱོངས་བྱེད་པ། བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལ་བཅངས་པའི་དྲིན་གཟོ་སེམས་པ་རྒྱུན་འཁྱོངས་བྱེད་དགོས། སྤྱོད་གཙང་ཚད་མཐའ་དམ་སྲུང་བྱེད་པ་དང་། ང་རྒྱལ་སྤངས་ནས། བཅའ་ཁྲིམས་སྒྲིག་ལམ་ཐད་ཀྱི་གུས་བཀུར་སེམས་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།
ཝང་ཡུས་ཡན་གྱིས། རིམ་པ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གདམ་མངག་ལས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྐྱེད་སྲིང་བཟང་བོ་བྱེད་པ། བྱ་བའི་ཁོར་ཡུག་བཟང་བོ་བསྐྲུན་ནས། ཁོ་ཚོས་གཞི་རིམ་ནས་རང་ཉིད་ཀྱི་འཇོན་ནུས་ངོམས་ཐུབ་པར་བྱེད་དགོས་པའི་རེ་བ་བཏོན།