ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་བུ་བཅོལ་ཁང་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བུ་བཅོལ་ཁང་གི་སྒོ་ཕྱེས་པའི་བྱ་བར་རྟོག་ཞིབ་བྱས།
2020.05.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་5བའི་ཚེས་11ཉིན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་བུ་བཅོལ་ཁང་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བུ་བཅོལ་ཁང་གི་སྒོ་ཕྱེས་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ནན་ནན་དང་ཞིབ་ཚགས། དོན་དངོས་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ་བུ་བཅོལ་ཁང་གི་སྒོ་བརྟན་འཇགས་ངང་འབྱེད་པ་དང་། བདེ་འཇགས་ངང་སློབ་ཁྲིད་བྱེད་པ། འཕྱུགས་པ་གཏན་ནས་མེད་པ་བཅས་ལ་འགན་ལེན་བྱེད་དགོས་ཟེར།

དབྱང་ཀྲི་ཝུན་སོགས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་མཁར་དབུས་ཆུའུ་ལུང་ཡོན་བུ་བཅོལ་ཁང་དང་། ཟི་ལིང་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ།   ཟི་ལིང་གྲོང་ཁྱེར་གྱི་བུ་བཅོལ་ཁང་དང་པོ་བཅས་སུ་བསྐྱོད་དེ་བུ་བཅོལ་ཁང་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་སྔོན་འགོག་ཚོད་འཛིན་སྔོན་ཇུས་བཟོས་ནས་མཆན་འགོད་སྙན་སེང་ཞུ་བ་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་དུག་སེལ། ཟ་ཁང་དང་སློབ་ཁང་གི་བདེ་འཇགས་དོ་དམ། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གྲབས་གསོག་སོགས་བུ་བཅོལ་ཁང་གི་སློབ་ཁྲིད་སླར་གསོའི་གྲ་སྒྲིག་གནས་ཚུལ་ལ་རྟོག་ཞིབ་ཞིབ་ཕྲ་བྱས།

དབྱང་ཀྲི་ཝུན་གྱིས་བསྟན་དོན། བུ་བཅོལ་ཁང་གི་ཚོགས་སྤྱིའི་གནས་ཚུལ་དམིགས་བསལ་ཡིན་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བ། བུ་བཅོལ་ཁང་གཉེར་བའི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་བླང་བྱ་སྟེང་བསམ་བློ་གཅིག་གྱུར་མཐའ་གཅིག་ཏུ་བྱས་ཏེ་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་སུན་སྣང་གི་བསམ་བློ་གཏན་འགོག་བྱེད་དགོས། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ“རྫོང་རེར་ཐབས་ཇུས་རེ”དང“གླིང་རེར་གཏན་འབེབས་རེ”མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ས་ཆ་དང་། སྡེ་ཁག བུ་བཅོལ་ཁང་། དགེ་རྒན། ཁྱིམ་བདག་བཅས“འགན་འཁྲི་ལྔ”་མུ་མཐུད་དུ་ཇེ་ནན་དུ་བཏང་སྟེ“གཟིགས་སྐྱོང་གསུམ”དང“མཉམ་ལས་གསུམ”བྱེད་ཐུབ་པ་བྱས་ནས་བུ་བཅོལ་ཁང་གི་སྒོ་ཕྱེས་པའི་བྱ་བ་བརྟན་པོའི་ངང་ཡག་པོ་བསྒྲུབ་དགོས། བུ་བཅོལ་ཁང་གི་སྒོ་ཕྱེས་པའི་གྲ་སྒྲིག་བྱ་བ་ཞིབ་ཚགས་དང་ཡག་པོ་བསྒྲུབ་ནས་ཞིང་ཆེན་གྱིས་བཟོས་པའི《བུ་བཅོལ་ཁང་གི་སྒོ་དབྱེའི་ལས་དོན་གྱི་ཕྱོགས་སྟོན》བླང་བྱ་ཁག་དོན་འཁྱོལ་ཡག་པོ་བྱས་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས། བུ་བཅོལ་ཁང་བཙུགས་རྗེས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དམ་འཛིན་ཡག་པོ་བྱས་ཏེ་བྱིས་པ་དང་དགེ་རྒན་དང་ལས་བཟོ་བའི་ལུས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱེད་དགོས། སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་ལས་ཁུངས་ཀྱི་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། གོ་རིམ་ལྡན་པ་དང་བདེ་འཇགས་ངང་དྲ་ཕྱིའི་གསོ་སྦྱོང་བྱེད་སྒོ་སླར་གསོ་བྱེད་དགོས་ཟེར།

ཤ་བོ་གསེར་མཚོས་སྒྱུར།