རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅན་ཕིང་གིས་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་ཁ་པར་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལ་ཕན་ནུས་ལྡན་པའི་ཚོད་འཛིན་ཐོབ་ཡོད། མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཀྲུང་གོ་དང་ཧན་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རེས་དང་དཀའ་སྡུག་མཉམ་མྱོང་བྱས། ཀྲུང་གོ་དང་ཧན་གོས་ཐོག་མར་མཉམ་འགོག་མཉམ་སྲུང་གི་མཉམ་ལས་རྐྱེན་སྲོལ་བཙུགས་ཏེ་ཕན་ཚུན་བར་ནད་པ་གཅིག་ཀྱང་འགྲོ་འོངས་མ་བྱས་པའི་ཟིན་ཐོ་བསྐྲུན་ཡོད། ཕྱོགས་གཉིས་ཀྱིས་ད་རུང་རིམས་ནད་འགོག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག མྱུར་མཁོའི་མི་སྣའི་འགྲོ་འོང་གི་སྟབས་བདེའི་མྱུར་ལམ་འབྱེད་དེ། ས་ཁུལ་གྱི་ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ། དངོས་རྒྱུན་མུ་འབྲེལ་བཅས་བདེ་བླག་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱས། ཀྲུང་གོ་དང་ཧན་གོའི་རིམས་འགོག་མཉམ་ལས་ལ་ཕན་འབྲས་བཟང་བོ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་རང་རང་གི་རིམས་འགོག་ཆེ་ཕྱོགས་ལ་ཞབས་འདེགས་ཞུས་པར་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་བརྩེ་བ་གསེར་ལས་ལྷག་པའི་གནས་ལུགས་འགྲེལ་བརྗོད་གསལ་བོ་བྱས་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་ཉམས་མྱོང་བཟང་བོ་བསགས་ཏེ་མཉམ་ལས་ཀྱི་མིག་དཔེ་བསྐྲུན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧན་གོ་དང་མཉམ་དུ་མུ་མཐུད་དུ་མཉམ་འགོག་མཉམ་སྲུང་དང་། སྨན་རྫས་དང་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་སོགས་ཕྱོགས་མང་བོའི་སྒྲོམ་གཞིའི་འོག་གི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧན་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་དུ་ཐུན་མོང་གི་ཁེ་ཕན་སྔར་ལས་མང་བོ་ཡོད། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་ཀྱི་བར་སྟོང་སྔར་ལས་ཆེ། བདག་གིས་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། སྐུ་ཉིད་བར་གྱི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།
ཝུན་ཙེ་དབྱིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་རིམས་འགོག་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། ང་ཡིས་དེར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་ལ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་ཡོངས་འགྲུབ་བྱེད་པའི་སྨོན་འདུན་ཞུས་པ་ཡིན། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རིམས་འགོག་བསམ་ཕྱོགས་དང་བྱེད་ཐབས་གཅིག་འདྲ་ཡིན་པ་དང་། རིམས་འགོག་མཉམ་ལས་ལ་ཕན་འབྲས་བཟང་བོ་ཐོབ། ཁྱད་པར་དུ་སྟབས་བདེའི་མྱུར་ལམ་འབྱེད་པ་ལས་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་བཟང་བོ་མངོན་པར་མཚོན་ཡོད་ལ། འཛམ་གླིང་ཡོངས་ལ་མིག་དཔེ་བསྟན་ཡོད། ཧན་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་འབྲེལ་འདྲིས་མཉམ་ལས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཐུན་སྒྲིལ་ཡིད་ཆེས་ལ་ཤུགས་སྣོན་པ་དང་རིམས་ནད་ལས་རྣམ་པར་རྒྱལ་ཁ་ལེན་པར་ནུས་པ་གང་ལེགས་འདོན་འདོད་ཡོད། ཧན་གོའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་ནས་ཧན་གོ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།