ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོན་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། ཐོན་ལས་མུ་འབྲེལ་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་རང་བཞིན་དང་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནངས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྲུང་གནས་བབ་སྤྱིའི་ཆ་ནས་བཟང་ཡང་། ཕྱི་རྒྱལ་གྱི་རིམས་ནད་གནས་བབ་ཧ་ཅང་རྙོག་འཛིང་ལྡན་པས། རྒྱལ་ནང་དུ་རིམས་ནད་ཡང་བསྐྱར་འབྱུང་བར་འགོག་སྲུང་བྱེད་པའི་ལས་འགན་ལྗིད་ཅིང་དཀའ་ཚེགས་ཆེ། ཚོར་མེད་བསམ་བློ་དང་སུན་སྣང་གི་ཚོར་བ། སྟས་དབང་གི་སེམས་པ། ལྷོད་ཡངས་ཀྱི་རྣམ་འགྱུར་བཅས་མཐའ་གཅིག་ཏུ་ཁྱད་བསལ་བྱས་ཤིང་། ཕྱི་ཡོང་མི་སྣའི་འགོག་སྲུང་དང་ནང་ཁུལ་དུ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་བྱ་བ་དམ་འཛིན་གང་ལེགས་བྱས་ཏེ། ཐོབ་པར་དཀའ་བའི་རིམས་ནད་འགོག་སྲུང་གི་གྲུབ་འབྲས་དག་ངལ་བ་འབྲས་མེད་དུ་གཏོང་མི་རུང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་ཁུལ་གཙོ་བོ་དང་ཚོགས་ར་གཙོ་བོ་ནས་རིམས་ནད་ཡང་བསྐྱར་འབྱུང་བར་འགོག་སྲུང་བྱེད་པའི་བྱ་བར་ཤུགས་སྣོན་དགོས། ཧེ་ལུང་ཅང་དང་ཅི་ལིན་སོགས་སུ་ཉེ་སྔོན་གཅིག་འདུས་རང་བཞིན་གྱི་རིམས་ནད་བྱུང་བའི་ས་ཁུལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འགོག་སྲུང་བྱེད་ཐབས་ལ་ཤུགས་སྣོན་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མུ་མཐུད་དུ་སྡོད་ཁུལ་གྱི་འགོག་སྲུང་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས་ལ། ཉིང་སྐྱུར་གྱི་ཚད་འཇལ་ཞིབ་བཤེར་དང་རྩད་ཞིབ་བྱ་བ་བཟང་བོར་བསྒྲུབས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འབྲེལ་མཉམ་སྲུང་རྐྱེན་སྲོལ་གྱི་ཝུའུ་ཧན་འབྲེལ་གཏུག་ཚན་ཆུང་གིས་མཛུབ་སྟོན་དང་ལྟ་རྟོག་ལ་ཤུགས་སྣོན་དགོས། པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་རིམས་ནད་འགོག་སྲུང་བྱ་བར་ཤུགས་སྣོན་བྱེད་དགོས་པ་དང་། སློབ་གྲྭ་དག་གིས་སློབ་ཁྲིད་སླར་གསོ་བྱེད་པའི་རིམས་འགོག་ཇུས་གཞིར་མཛུབ་སྟོན་བྱས་ནས་དགེ་སློབ་ཀྱི་བདེ་འཇགས་དང་བདེ་ཐང་ལ་འགན་སྲུང་བྱེད་དགོས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྨན་བཅོས་ལས་ཁུངས་ཀྱི་འགོ་ནད་འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། བདག་སྐྱོང་དང་ནད་པར་སྐོར་བརྒྱག་པའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། གོ་རིམ་ལྡན་པའི་སྒོ་ནས་རྒྱུན་སྲོལ་གྱི་བརྟག་བཅོས་སྒྲིག་ལམ་སླར་གསོ་བྱས་ཏེ་སྨན་ཁང་ནང་ཁུལ་དུ་རིམས་ནད་མཆེད་པར་སྔོན་འགོག་བྱེད་དགོས་ཞེས་གསུངས།
གྲོས་ཚོགས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱེད་ཐབས་དངོས་འབེབས་བྱས་ཏེ་ཕན་འབྲས་ལྡན་པར་དམ་འཛིན་བྱེད་དགོས་པ་དང་། ས་ཁུལ་སོ་སོས་ནན་ཏན་གྱིས་ཉེ་སྔོན་གཅིག་འདུས་རང་བཞིན་གྱི་རིམས་ནད་བྱུང་བའི་ས་ཁུལ་གྱི་བསླབ་བྱ་བསྡུ་ལེན་བྱས་ཤིང་། ས་གནས་རང་གི་འགོག་སྲུང་ཐད་ཀྱི་མི་འདང་སར་ཡང་བསྐྱར་རྩད་ཞིབ་བྱེད་པ་དང་འགོག་སྲུང་གི་གནད་ས་ཡང་བསྐྱར་སྲ་བརྟན་དུ་གཏོང་བ། འགོག་སྲུང་གི་རེ་བ་ཡང་བསྐྱར་དངོས་འབེབ་བཅས་བྱས་ཏེ་རིམས་ནད་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་པ་ནུས་ལྡན་མི་པ་དག་ལ་ཐག་གཅོད་ནན་མོ་བྱེད་དགོས་པར་མ་ཟད། དབྱར་ཁའི་ནམ་ཟླའི་ཁྱད་ཆོས་ལ་དམིགས་ཏེ་འགོག་སྲུང་རེ་བ་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པར་འགོག་སྲུང་བྱེད་པར་སློབ་གསོ་གཏོང་དགོས་པའི་རེ་བ་བཏོན།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཕྱི་རྒྱལ་གྱི་རིམས་ནད་གནས་ཚུལ་ལ་དམིགས་ཏེ། སྤྱོད་བདེའི་དོ་དམ་བྱེད་ཐབས་མང་བོ་ལག་བསྟར་བྱས་ནས་ཕྱི་ཡོང་འགོག་སྲུང་གི་ཁྱབ་ཁོངས་གཙོ་བོ་དང་ནུས་པ་ཞན་པའི་ལས་རིམ་ལ་ཤུགས་སྣོན་དགོས། བསྟུད་མར་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་སེམས་ཁུར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། མཐའ་མཚམས་ས་ཁུལ་དང་གྲུ་ཁའི་གྲོང་ཁྱེར་གྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་དང་ཁ་ཁར་བཀར་ནས་ལྟ་ཞིབ་བྱེད་པའི་གསོ་བཅོས་བྱེད་པའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་ལ། མུ་མཐུད་དུ་རིམས་ནད་འགོག་སྲུང་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།
གྲོས་ཚོགས་ནས་བསྟན་དོན། མཁོ་འདོན་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་རང་རྒྱལ་གྱི་གཞི་རྒྱ་ཆེ་བའི་ཚོང་རའི་ཁྱད་སྟོབས་དང་ནང་མཁོའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་དགོས། ཐོན་ལས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་མུ་འབྲེལ་ཅན་གྱི་རིམ་འཕར་བཟོ་སྐྲུན་ལག་བསྟར་བྱས་ནས། སྲོལ་རྒྱུན་གྱི་ཐོན་ལས་ཁྱད་སྟོབས་སྲ་བརྟན་དུ་གཏོང་བ་དང་ཁྱད་ལྡན་ཐོན་ལས་གཙོར་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་བཀོད་སྒྲིག་བྱེད་པར་དམ་འཛིན་བྱས་ཏེ། ཐོན་ལས་ཀྱི་རྨང་གཞིའི་རིམ་པ་འཕར་བ་དང་ཐོན་ལས་མུ་འབྲེལ་ཅན་གྱི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག མུ་མཐུད་དུ་ཐོན་ལས་མུ་འབྲས་ཅན་དང་ཁེ་ལས་གཙོ་བོ། དངུལ་གཏོང་ལས་གཞི་གཙོ་བོར་དམིགས་ཏེ། ཐོན་སྐྱེད་དང་ཕྱིར་འཚོང་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ཆུང་འབྲིང་ཆེ་གསུམ་གྱི་ཐོན་ལས་སླར་གསོའི་བྱ་བར་རོགས་འདེགས་བྱེད་དགོས། རྒྱལ་སྤྱིའི་རོགས་ལས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྒྱལ་སྤྱིའི་ཐོན་ལས་མུ་འབྲེལ་ཅན་དང་མཁོ་འདོན་མུ་འབྲེལ་ཅན་གྱི་བདེ་འཇགས་དང་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།
གྲོས་ཚོགས་ནས་ད་རུང་གནད་དོན་གཞན་པར་ཞིབ་འཇུག་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།