སི་རི་ཡཱ་ཡིས་རིམས་ནད་དབང་གིས་རྒྱལ་ཁབ་གཞན་དུ་བསྡད་ཡོད་པའི་སི་རི་ཡཱའི་སྤྱི་དམངས་སྟོང་གཉིས་ལྷག་ཕྱིར་རྒྱལ་ནང་དུ་བསུས། 
2020.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སི་རི་ཡཱ་ཡིས་རྒྱལ་ཁབ་མང་བོ་ནས་རིམས་ནད་དབང་གིས་ལུས་པའི་སི་རི་ཡཱའི་སྤྱི་དམངས་སྟོང་གཉིས་དང་ཉིས་བརྒྱ་བདུན་ཅུ་ཕྱིར་རྒྱལ་ནང་དུ་བསུས། 

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་དུ། སི་རི་ཡཱའི་མཁའ་འགྲུལ་ཀུང་ཟིས་བསྡོམས་པས་གནམ་གྲུ་བཅུ་གསུམ་བཀོད་སྒྲིག་བྱས་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨེ་ཅིབ། དབྱི་རག ཨུ་རུ་སི་སོགས་རྒྱལ་ཁབ་དགུ་ནས་ས་རི་ཡཱའི་སྤྱི་དམངས་ཕྱིར་རྒྱལ་ནང་དུ་བསུས། བསྡོམས་པས་མི་སྟོང་གཉིས་དང་ཉིས་བརྒྱ་བདུན་ཅུ་ཡོད་པ་རེད། སྲིད་གཞུང་སྡེ་ཁག་མང་བོའི་གཞོགས་འདེགས་འོག གོང་སྨྲས་མི་སྣ་དག་སི་རི་ཡཱ་རུ་འབྱོར་རྗེས་ཁ་ཁར་བཀར་ནས་གསོ་རིག་བརྟག་དཔྱད་དང་ལེན་བྱེད་རྒྱུ་ཡིན་ཟེར། 

སི་རི་ཡཱའི་འཕྲོད་བསྟེན་པུའུ་ཡིས་བསྟན་དོན། ཕྱི་རྒྱལ་དུ་ཡོད་པའི་སི་རི་ཡཱའི་སྤྱི་དམངས་བསྟུད་མར་ཕྱིར་རྒྱལ་ནང་དུ་ལོག་པ་དང་། སི་རི་ཡཱའི་རྒྱལ་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་བྱ་འགུལ་གྱི་ཚད་བཀག་རིམ་བཞིན་ཇེ་ལྷོད་དུ་སོང་བ་དང་བསྟུན་ནས། འཕྲོད་བསྟེན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རིམས་ནད་ཀྱི་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ་རྒྱལ་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།