ཞི་ཅིན་ཕིང་གིས་འབར་མའི་ཙུང་ཐུང་ལ་ཁ་པར་བཏང་།
2020.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་པའི་ཚེས་ཉི་ཤུའི་ཉིན་གྱི་དགོང་མོར་འབར་མའི་ཙུང་ཐུང་ཝུན་མེན་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། འབར་མའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོ་ཕྱོགས་ལ་རོགས་སྐྱོར་བྱས། ང་ཚོས་ཀྱང་འབར་མའི་རིམས་ནད་ལ་སེམས་ཁུར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་ལ་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་མང་པོ་ཞལ་འདེབས་ཕུལ་བ་དང་འབྲེལ་ཏེ། སྨན་བཅོས་ཆེད་མཁས་པའི་ཚན་ཆུང་གཉིས་ཆེད་དུ་མངགས་ནས། འབར་མའི་སྨན་བཅོས་མི་སྣ་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཤིང་། དེའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་བྱེད་པའི་སྤུན་ཟླའི་བརྩེ་དུང་གང་ལེགས་ཀྱིས་མཚོན་ཡོད། ཀྲུང་གོ་དང་འབར་མ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལས་དབང་གཅིག་མཐུན་ཡིན་པ་གསལ་བཤད་གཏིང་ཟབ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས་མུ་མཐུད་རྒྱབ་སྐྱོར་དང་རང་ནུས་གང་ལྕོགས་ཀྱིས་རོགས་རམ་བྱ་རྒྱུ་ཡིན། འབར་མའི་མི་དམངས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབར་མ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བློ་རྩ་བརྟན་པོས་སྲུང་སྐྱོང་བྱ་དགོས། མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཟེར།    

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འབར་མའི་དབར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན། ད་ལོའི་ཟླ་དང་པོའི་ནང་། ངས་འབར་མ་རྒྱལ་ཁབ་ལ་བདེ་ལེགས་ངང་འཚམས་འདྲི་བྱས་ཏེ། ང་ཚོ་ཀྲུང་གོ་དང་འབར་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས། ཀྲུང་གོ་དང་འབར་མའི་འབྲེལ་བའི་དུས་རབས་གསར་པ་གཏོད་རྒྱུའི་ཐད་མོས་མཐུན་བྱུང་ཡོད། ཕྱོགས་གཉིས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་འཚམས་འདྲིའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་རྒྱུའི་རེ་བ་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྨང་གཞིའི་ཐོག ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ནས། དཔལ་འབྱོར་བར་ཁྱམས་ཀྱི་རྣམ་གྲངས་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཡག་པོ་སྤྱད་དེ། མཐའ་མཚམས་ཀྱི་ཞི་བདེ་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བཅས་ལ་གཅིག་གྱུར་བཀོད་སྒྲིག་དང་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།     

ཝུན་མེན་གྱིས་བསྟན་དོན། ཁྱེད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་སྡོམ་ནུས་ལྡན་བྱས་ནས། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བ་ཁྱོན་ཡོངས་ནས་སླར་གསོ་བྱུང་བར་འབར་མ་ཕྱོགས་དགའ་སྤྲོ་ཆེན་སྐྱེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབར་མ་སོགས་རྒྱལ་ཁབ་གཞན་དག་ལ་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དྲང་བདེན་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཚང་མའི་འཕེལ་རྒྱས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས། འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་བཟང་པོ་ནི་ཕྱོགས་གཉིས་ཀྱིས་འབར་མ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་གཞོལ་བཞིན་པའི་མཚོན་བྱེད་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་དང་པོར་འབར་མར་འཚམས་འདྲི་གནང་བའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་དང་། སྤུན་ཟླའི་མཛའ་བརྩེ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་ཟབ་སྤེལ། འབར་མ་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།