ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལིར་ཁ་པར་བཏང་།
2020.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅི་ཕིང་གིས་ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བྷང་ག་ལའི་ཙུང་ལི་ཧ་ཞི་ནཱ་ལ་ཁ་པར་བཏང་།                                                                                                                                                              ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩའི་དུས་སུ། བྷང་ག་ལའི་སྤྱི་ཚོགས་ལས་རིགས་ཁག་གིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་དེ་ལས། བྷང་ག་ལའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་ཡོད། མིག་སྔར་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་རིམས་ནད་འགོས་མཆེད་དུ་འགྲོ་བཞིན་ཡོད་པས། སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་ལྕི་ལ་དཀའ་ཚེགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས། བྷང་ག་ལ་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ལ་མུ་མཐུད་རྒྱབ་སྐྱོར་དང་རང་ནུས་གང་ལྕོགས་ཀྱིས་རོགས་རམ་བྱས་ཏེ། ཉེ་དུས་བྷང་ག་ལ་ཕྱོགས་ལ་སྨན་བཅོས་ཆེད་མཁས་པའི་ཚན་ཆུང་གཅིག་མངགས་རྒྱུ་ཡིན། ཁྱེད་ཀྱི་འགོ་ཁྲིད་འོག་བྷང་ག་ལའི་མི་དམངས་ཀྱིས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བདག་ལ་ཡིད་ཆེས་ཡོད། བྷང་ག་ལའི་སྲིད་གཞུང་གིས་བྷང་ག་ལར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཀྲུང་གོར་ཡོད་པའི་བྷང་ག་ལའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་མུ་མཐུད་དུ་འགན་ལེན་བྱ་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་འགོག་རྐྱེན་བཟོ་བ་དང་། གོ་ལ་ཧྲིལ་པོ་དང་ལྷག་པར་དུ་རྒྱ་ཁྱབ་ངང་མཆེད་ཀྱིན་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ལ་གནོད་འཚེ་གཏོང་བའི་བསམ་སྦྱོར་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལའང་སྲུང་སྐྱོང་བྱེད་རྒྱུ་ཡིན་ཟེར།                                                                                                                ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕྱོགས་གཉིས་ཀ་ཕན་ཚུན་འཕེལ་རྒྱས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། རིམ་བཞིན་ཆ་རྐྱེན་བཟང་པོ་གཏོད་འདོད་ཡོད། གཙོ་གནད་མཉམ་ལས་ལས་གཞི་ལག་བསྟར་སླར་གསོ་བྱས་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་བྱས་ཏེ། ཕྱོགས་གཉིས་ཀྱིས་རིམས་ནད་ཐོན་རྗེས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད་ཟེར།

    ཧ་ཤིས་ནཱ་ཡིས་བཤད་དོན། བྷང་ག་ལ་དང་ཀྲུང་གོའི་དབར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས2016ལོར་བྷང་ག་ལ་རྒྱལ་དོན་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པར་སྐུལ་འདེད་བཏང་ཡོད། བྷང་ག་ལ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེས་ཆེ་བའི་དུས་སྐབས་སུ། ཀྲུང་གོ་ཕྱོགས་ཀྱིས་གནང་པའི་རྒྱབ་སྐྱོར་དང་རོགས་རམ་གལ་ཆེན་དེས་བྷང་ག་ལའི་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་བྷང་ག་ལའི་དཀའ་ངལ་སེལ་བའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། བྷང་ག་ལ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གློ་ཚད་ཀྱི་རིམས་ནད་གསར་པ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཞིག་ཡིན་པས་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཁ་གཏད་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་བྷང་ག་ལའི་སྤྱི་དམངས་དང་ལྷག་པར་དུ་ཝུའུ་ཧན་དུ་ཡོད་པའི་བྷང་ག་ལའི་སློབ་མར་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་བྷང་ག་ལའི་ཀྲུང་གོའི་སྤྱི་དམངས་ཀྱི་འཚོ་བར་འགན་ལེན་ཡག་པོ་བྱ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས། བྷང་ག་ལ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།