རོ་མཱ་ནི་ཡཱའི་ཙུང་ལི་ཨོ་ཨར་པན་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་སྲུང་བྱེད་ཐབས་ཡང་བསྐྱར་ཇེ་ལྷོད་དུ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་སླར་གསོ་བྱེད་པ་དང་སྡོད་དམངས་དག་གི་རྒྱལ་ནང་གི་འགྲུལ་བཞུད་ལ་ཚོད་འཛིན་མི་བྱེད་པ་སོགས་འདུས།
ཉིན་དེར་ཨོ་ཨར་པན་གྱིས་རྒྱལ་ཡོངས་ཀྱི་བྲེལ་མྱུར་གནས་ཚུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རིམས་ནད་གནས་ཚུལ་ལ་དཔྱད་འཇོག་བྱས་པར་མ་ཟད་རིམས་འགོག་བྱེད་ཐབས་སྔར་ལས་ཇེ་ལྷོད་དུ་གཏོང་རྒྱུ་ཐག་བཅད། ཆོད་དོན་ལྟར་ན། ཟླ་དྲུག་པའི་ཚེས་གཅིག་ཉིན་ནས་བཟུང་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ལས་གསོ་བྱེད་རྒྱུ་ཡིན་ཡང་ཅོག་ཙེ་རེའི་བར་ཐག་རྨིད་གཉིས་ཡོད་པ་སྲུང་འཛིན་བྱེད་དགོས་པ་དང་། ཅོག་ཙེ་གཅིག་གི་འགྲུལ་བའི་ཁ་གྲངས་མི་བཞི་ལས་བརྒལ་མི་རུང་། སྡོད་དམངས་དག་ས་ཁུལ་གཞན་དུ་སོང་ན་འགྲུལ་བཞུད་ཀྱི་གསལ་སྒྲོག་ཁྱེར་མི་དགོས། རྒྱལ་སྤྱི་དང་གྲོང་ཁྱེར་བར་གྱི་ལྕགས་ལམ། གཞུང་ལམ་བཅས་ཀྱི་འགྲུལ་སྐྱེལ་སླར་གསོ་བྱེད་རྒྱུ་རེད། རྒྱ་མཚོའི་འགྲམ་བརྒྱུད་མང་ཚོགས་ལ་སྒོ་འབྱེད་བྱེད་རྒྱུ་ཡང་བར་ཐག་རྨིད་གཉིས་སྲུང་འཛིན་བྱེད་དགོས། མི་ལྔ་བརྒྱའི་མན་གྱི་ཕྱི་རོལ་ཡུལ་གྱི་རོལ་དབྱངས་ཚོགས་འདུ་དང་འཁྲབ་སྟོན་སྤེལ་ཆོག་ཀྱང་མི་རེའི་བར་ཐག་རྨིད་གཉིས་སྲུང་འཛིན་བྱེད་དགོས་པར་མ་ཟད་ལྟད་མོ་བས་ཁ་ཐུམ་བརྒྱག་དགོས། ལྟད་མོ་བ་མེད་པའི་ཕྱི་རོལ་ཡུལ་གྱི་ལུས་རྩལ་འགྲན་ཚོགས་སྤེལ་བར་ཆོག་མཆན་ཐོབ་ཡོད།
རོ་མཱ་ནི་ཡཱ་ཡིས་ཟླ་ལྔ་བའི་ཚེས་ཉེར་བཞིའི་ཉིན་ཟླ་ངོ་གཉིས་རིང་གི་རིམས་འགོག་དོགས་ཟོན་མཇུག་སྒྲིལ་བ་དང་། ཚེས་བཅོ་ལྔ་ཉིན་ནས་བཟུང་རིམས་འགོག་བྱེད་ཐབས་ཐོག་དང་པོར་ཅུང་ཇེ་ལྷོད་དུ་གཏོང་མགོ་བརྩམས་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།