འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གསུམ་ཉིན་པྲོག་གསར་གློ་ཚད་རིམས་ནད་དེ་མེ་གླིང་དབུས་མ་དང་ལྷོ་མའི་རྒྱལ་ཁབ་གང་མང་ལ་མགྱོགས་མྱུར་སྒོས་རྒྱ་ཡན་དུ་འགྲོ་བར་སེམས་ཁུར་བྱེད་ཀྱིན་ཡོད་པའི་ཚུལ་བསྟན་པར་མ་ཟད། རྒྱལ་ཁབ་དེ་དག་གིས་ས་གནས་རང་གི་གནས་ཚུལ་དང་སྦྲེལ་ཏེ་རྒྱལ་ཁབ་གཞན་པའི་ཉམས་མྱོང་དང་ཤེས་བྱ་དང་ལེན་བྱེད་དགོས་པ་དང་། ཁྱོན་ཡོངས་དང་རྒྱུན་མཐུད་སྒོས་རིམས་འགོག་བྱེད་པའི་བྱེད་ཐབས་སྤྱོད་དགོས་པའི་གྲོས་གཞི་བཏོན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། འདས་པའི་ཉིན་ལྔའི་ནང་རྒྱལ་ཁབ་སོ་སོས་ཉིན་རེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཡར་ཞུ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་ཆ་སྙོམས་སྒོས་འབུམ་གཅིག་ལས་བརྒལ་ཞིང་། དེའི་ནང་དུ་མེ་གླིང་ནི་སྔར་བཞིན་ཡར་ཞུ་བྱས་བའི་ནད་པ་ཆེས་མང་པོའི་ས་ཁུལ་ཡིན་པ་དང་། གཟའ་འཁོར་འགའི་ནང་དུ་མེ་གླིང་ས་ཁུལ་དུ་ཉིན་རེར་ཡར་ཞུ་བྱས་པའི་ནད་པའི་ཁ་གྲངས་དེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་གཞན་པས་ཉིན་རེར་ཡར་ཞུ་བྱས་པའི་ནད་པའི་སྤྱི་གྲངས་ལ་བརྒལ་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་བྲེལ་མྱུར་ལས་གཞིའི་ལག་བསྟར་ཀྲུའུ་རིན་རོས་ཨན་གྱིས་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བ་དེས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་རུ་དུས་སྐབས་མི་འདྲ་བའི་གནས་བབ་དང་འཕྲད་པར་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིག་སྔར་སེམས་ཁུར་བྱེད་པ་ནི་མེ་གླིང་དབུས་མའི་རྒྱལ་ཁབ་ཏུ་རིམས་ནད་རྒྱ་ཡན་དུ་འགྲོ་བ་དེ་ཡིན་ལ། མེ་གླིང་དབུས་མའི་རྒྱལ་ཁབ་གཞན་པའི་གནས་ཚུལ་མི་འདྲ་ནའང་རིམས་ནད་གནས་བབ་ལེགས་པོ་ཞིག་མིན་ཟེར།