ལིས་ཁི་ཆང་གིས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་གྱི་བརྙན་རིས་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ། 
2020.06.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཞི་ཉིན་གྱི་དགོང་མོར་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་གྱི་བརྙན་རིས་མཐོ་རིམ་གྲོས་ཚོགས་སྟེང་ཞུ་ཚིག་ཕུལ། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་མི་དམངས་ཡོངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་ཕན་ནུས་ལྡན་པའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚོད་འཛིན་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པའི་བརྙན་རིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་གྲོས་གཞི་བཏོན་ཡོད། ཀྲུང་གོ་ཡིས་མུ་མཐུད་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་རང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་ལ་གཅིག་གྱུར་བཀོད་འདོམ་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་པ། འགོག་སྨན་གྱི་ནད་ཐོག་ཚོད་ལྟ་དང་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་མྱུར་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ལ་བདེ་འཇགས་དང་ཕན་ནུས་ལྡན་ལ། སྤུས་ཚད་མཐོ་བའི་འཛམ་གླིང་ཡོངས་ཀྱི་སྤྱི་བའི་ཐོན་རྫས་འདོན་སྤྲོད་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་དང་སྨན་རྫས། ཞིབ་བཤེར་ཚད་འཇལ་སྨན་ཆུའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལེན་པར་བརྩོན་བཞིན་ཡོད་ཅིང་། འགོག་སྨན་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྨན་མནའ་འབྲེལ་ལ་རོགས་སྐྱོར་བྱེད་འདོད་ཡོད་པ་དང་། ཀྲུང་གོའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་དང་ཁེ་ལས་ཀྱིས་མནའ་འབྲེལ་བར་གྱི་རོགས་ལས་ལ་ཤུགས་སྣོན་བྱེད་པའི་སྐུལ་མ་གཏོང་འདོད་ཡོད། ང་ཚོས་དཀའ་སྡུག་མཉམ་མྱོང་བྱས་ཏེ་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་རེ་བ་ཡོད་ཅེས་གསུངས། 

རྒྱལ་ཁབ་སུམ་ཅུ་ལྷག་གི་མགོ་ཁྲིད་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།