རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་དགོང་མོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཁ་པར་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཧྥ་རན་སི་ཡིས་ཆུ་ཚད་མཐོ་བའི་འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་བྱས་ཡོད། མིག་སྔར་འཛམ་གླིང་ཡོངས་ཀྱི་རིམས་ནད་རྒྱ་ཡན་དུ་འགྲོ་བའི་གནས་བབ་ལ་ཕན་ནུས་ལྡན་པར་ཚོད་འཛིན་ཐུབ་མེད། རིམས་ནད་ཀྱི་མདུན་ནས་མཐུན་སྒྲིལ་མཉམ་ལས་ནི་བདེན་ལུགས་ངོ་མ་ཡིན་སྲིད། ཀྲུང་གོ་དང་ཧྥ་རན་སི་ཡིས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་ཧྲིལ་བོ་མཇུག་མཐར་རིམས་ནད་ལས་ཐར་བའི་ཐད་བྱས་རྗེས་འཇོག་དགོས། རྒྱལ་ཁབ་གཉིས་ཀྱི་ལས་ཁུངས་ཀྱིས་མཉམ་འབྲེལ་ཞིབ་འཇུག་བྱ་འགུལ་སྤེལ་ཏེ་འགོག་སྨན་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་། སྐབས་དོན་གསུམ་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཐུན་མོང་ལྟ་ཚུལ་མྱུར་དུ་དངོས་འབེབ་བྱེད་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས། སྔར་ལས་མང་བའི་ཀྲུང་གོ་དང་ཧྥ་རན་སི། ཨ་ཧྥེ་རི་ཁ་བཅས་ཕྱོགས་གསུམ་གྱི་རིམས་འགོག་མཉམ་ལས་སྤེལ་ནས་ཨ་ཧྥེ་རི་ཁ་གླིང་སོགས་དར་རྒྱས་མིན་པའི་ས་ཁུལ་གྱི་རྒྱལ་ཁབ་དག་གི་རིམས་འགོག་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཡིས་ཁྱེད་དང་འབྲེལ་དྲིས་ཟབ་མོ་སྲུང་འཛིན་བྱེད་པ་དང་། ཁ་ཕྱོགས་དམ་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རིམས་ནད་མཇུག་སྒྲིལ་རྗེས་དུས་རིམ་རྗེས་མའི་རིམ་པ་སོ་སོའི་འགྲོ་འོང་ལ་འཆར་འགོད་བྱས་ནས་གོ་རིམ་ལྡན་པའི་སྒོ་ནས་གྲོས་མོལ་བརྗེ་རེས་བབ་བསྟུན་གྱིས་སྤེལ་དགོས། རིམས་ནད་མཇུག་སྒྲིལ་རྗེས་ཀྱི་དཔལ་འབྱོར་སླར་གསོའི་ཆེ་མཐོང་སྲིད་ཇུས་ཀྱི་མཐུན་སྦྱོར་དང་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་པ་དང་། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ཏེ་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ཀྲུང་གོའི་ཚོང་ར་ཧྥ་རན་སི་ལ་སྒོ་འབྱེད་བྱས་ཡོད་ཅིང་། ཧྥ་རན་སིའི་ཕྱོགས་ཀྱིས་ཚོང་དོན་མི་སྣ་ཀྲུང་གོར་ཡོང་བར་སྟབས་བདེའི་རྒྱུ་ལམ་བེད་སྤྱོད་གང་ལེགས་བྱས་ཏེ་ཀྲུང་གོར་ཡོད་པའི་ཧྥ་རན་སིའི་ཁེ་ལས་ཀྱི་ཐོན་ལས་སླར་གསོ་ལ་རོགས་འདེགས་བྱེད་པའི་ཞོར་དུ། ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་དང་མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་བར་ཐུན་མོང་གི་ཁེ་ཕན་མང་བོ་ཡོད་པའི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་གཅིག་ཅན་གྱི་ཐད་ནས་གྲུབ་འབྲས་བླངས་པར་དགའ་སྤྲོ་སྐྱེས་ཡོད་ལ། ཡོ་རོབ་གླིང་བར་གྱི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཆབ་སྲིད་གྲོས་རིམ་གཙོ་བོར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ནས། མཉམ་དུ་སྤྱི་བའི་འཕྲོད་བསྟེན་དང་ནམ་ཟླའི་འགྱུར་ལྡོག སྐྱེ་དངོས་དང་སྲོག་ཆགས་སྣ་མང་ཅན་གྱི་སྲུང་འཛིན་སོགས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རིམས་འགོག་ཐད་ནས་མཉམ་ལས་བཟང་བོ་བྱས་ཏེ་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་མངོན་པར་བྱས་ཡོད། ཧྥ་རན་སིའི་ཕྱོགས་ཀྱིས་མུ་མཐུད་དུ་སྙིང་སྟོབས་དེ་འདྲ་གཞིར་བཟུང་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་འགོག་སྨན་དེ་རྒྱལ་སྤྱིའི་སྤྱི་བའི་ཐོན་རྫས་སུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་གཟེངས་བསྟོད་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་གང་ལེགས་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་རིམས་འགོག་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་འདོད་ཡོད། ང་ཡིས་ཡང་བསྐྱར་ཀྲུང་གོར་འཚམས་འདྲི་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གྲོས་མོལ་བརྗེ་རེས་སྲུང་འཛིན་བྱས་ཤིང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལས་གཞི་གཙོ་བོར་སྐུལ་འདེད་གཏོང་དགོས་ལ། མིག་སྔའི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་ཐོན་ལས་མྱུར་དུ་སླར་གསོ་བྱེད་རྒྱུ་དེ་རེད། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྲོག་ཆགས་ཀྱི་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ཐད་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱེད་དགོས། ཧྥ་རན་སིའི་ཕྱོགས་ཀྱིས་དུས་རིམ་རྗེས་མའི་ཡོ་རོབ་གླིང་དང་ཀྲུང་གོའི་འགྲོ་འོང་གལ་ཆེན་ལ་མཐོ་ཆེན་བྱེད་ལ། དོན་དེར་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།