ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་དགུའི་ཉིན་ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཀྲུང་གོའི་སྲིད་གཞུང་གིས་རིམས་འགོག་རོགས་སྐྱོར་བྱས་པ་དང་ཝུའུ་ཁི་ལན་གྱི་རིམས་འགོག་བྱ་བའི་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།
ཁུའུ་ལེ་པཱ་ཡིས་རྩོམ་ཡིག་ནང་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་རིམས་འགོག་མཁོ་དངོས་སྐོར་ཐེངས་གཉིས་པ་ཝུའུ་ཁི་ལན་དུ་འབྱོར་ཡོད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ནི་ཝུའུ་ཁི་ལན་གྱིས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་ཀྱི་རྒྱབ་སྐྱོར་ཆེན་པོ་ཞིག་ཡིན་ཟེར།
ཁུའུ་ལེ་པཱ་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་མགོ་ཁྲིད་པ་དང་མི་དམངས་ཀྱིས་ཀྲུང་གོའི་སྲིད་གཞུང་གི་རིམས་འགོག་རོགས་སྐྱོར་དང་ཝུའུ་ཁི་ལན་གྱི་རིམས་ནད་འགོག་རྒོལ་ཐད་ཀྱི་རྒྱབ་སྐྱོར་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཁུའུ་ལེ་པཱ་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བའི་ཁྲོད་ཆགས་པའི་ཡིད་ཆེས་དང་སྒོ་འབྱེད། མཛའ་མཐུན་གྱི་སྣང་ཚུལ་དེས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་མཐོར་གཏོང་ཐུབ་ངེས་རེད་ཟེར།
ཝུའུ་ཁི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་རིམས་འགོག་མཁོ་དངོས་སྐོར་ཐེངས་གཉིས་པ་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་དུ་འབྱོར་ཡོད་པ་དང་། མིག་སྔར་དངོས་རྫས་དེ་དག་ཝུའུ་ཁི་ལན་འཕྲོད་བསྟེན་པུའུ་ལ་བརྒྱུད་སྤྲོད་བྱེད་པར་སྒུག་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།