མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། མི་སྔར་ལས་མང་བོ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་དབང་གིས་ལྟོགས་སྐོམ་གྱི་གནས་སུ་ལྷུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་ལ་བཟོས་པའི་ཤུགས་རྐྱེན་ཞེས་པའི་སྲིད་ཇུས་སྤྱི་སྒྲོག་སྤེལ། ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། འཛམ་གླིང་ཡོངས་སུ་མི་ཐེར་འབུམ་བདུན་དང་དུང་ཕྱུར་བརྒྱད་འཚོ་ཐུབ་པའི་ཟས་རིགས་ཡོད་ཀྱང་། མིག་སྔར་མི་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ལྷག་གིས་ལྟོགས་སྐོམ་མྱོང་བཞིན་ཡོད་པ་དང་། ལོ་ལྔའི་མན་གྱི་བྱིས་པ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞིའི་ནར་སོན་ལ་ཤུགས་རྐྱེན་ཐེབས་ཡོད། ང་ཚོས་ཟས་རིགས་མ་ལག་ཉམས་བཞིན་ཡོད་ལ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་ད་ལོར་ཆེས་དབུལ་ཕོངས་ཀྱི་མི་གྲངས་བྱེ་བ་བཞི་དང་ས་ཡ་དགུ་ཇེ་མང་དུ་སོང་ཡོད་པ་དང་། ཟས་རིགས་དཀོན་པ་དང་འཚོ་བཅུད་མི་འདང་བའི་མི་གྲངས་ཀྱང་མྱུར་དུ་ཇེ་མང་ལ་སོང་ཡོད། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་མ་སྤེལ་ན། མི་སྔར་ལས་མང་བོ་ཟས་རིགས་བདེ་འཇགས་མིན་པའི་གནས་སུ་ལྷུང་སྲིད་ཟེར།
ཀུའུ་ཐི་ལོས་སི་ཡིས་སྲིད་ཇུས་སྤྱི་སྒྲོག་དང་འབྲེལ་ནས་སྤྱི་བསྡོམས་བྱས་དོན། གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་སྐུལ་སློང་བྱས་ཏེ་ཚེ་སྲོག་སྐྱོབ་དགོས། གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་འཚོ་བཅུད་འགན་སྲུང་ལམ་ལུགས་ལ་ཤུགས་སྣོན་དགོས། གསུམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་འོངས་པའི་དངུལ་གཏོང་ལ་ཤུགས་སྣོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བཟོད་སྒོམ་དང་ལྷད་མེད་ཀྱི་ཟས་རིགས་མ་ལག་བཙུགས་ཏེ། བདེ་ཐང་དང་འཚོ་བཅུད་ལྡན་པའི་ཟས་རིགས་ཐོབ་པར་བྱེད་པ་དང་། ཞོར་དུ་ཟས་རིགས་ཐོན་སྐྱེད་དང་རང་བྱུང་ཁོར་ཡུག་བར་གྱི་དོ་མཉམ་ལ་བརྩོན་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།
སྲིད་ཇུས་སྤྱི་སྒྲོག་ལས་བཤད་རྒྱུར། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐོན་སྐྱེད་ཐད་རིམ་རྩིས་ཀྱིས་མེ་སྒོར་ཁྲག་ཁྲིག་ཆེན་མོ་བརྒྱད་དང་ཁྲག་ཁྲིག་ལྔའི་གྱོང་གུད་ཐེབས་སྲིད་པ་དང་། གསར་དུ་ཇེ་མང་ལ་སོང་བའི་ཆེས་དབུལ་ཕོངས་ཀྱི་མི་གྲངས་ཁྲོད་ཕྱེད་ཀ་ཙམ་སཱ་ཧཱ་ལཱ་བྱེ་ཐང་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་ནས་ཐོན་པ་ཡིན་ལ། འབྲུ་རིགས་བདེ་འཇགས་མིན་པའི་གནས་སུ་ལྷུང་བའི་མི་གྲངས་ཁྲོད་བརྒྱ་ཆའི་བརྒྱད་ཅུ་ནི་ཞིང་བ་དང་ཕྱུགས་ལས་པ། ཉ་བདའ། ནགས་ལས་བྱ་བ་བྱེད་མཁན་བཅས་ཡིན་སྲིད་ཟེར།
སྲིད་ཇུས་སྤྱི་སྒྲོག་ལས་རིམས་ནད་དང་འགོག་སྲུང་བྱེད་ཐབས་ཀྱིས་མི་ཁྲི་སྟོང་མང་བོའི་བྱ་བ་དང་འཚོ་བའི་ཉེན་ཁ་སེལ་དགོས་པ་ནན་གྱིས་བསྟན།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།