རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་འབྲེལ་གཏུག་ཚན་ཁག་གིས་ཝུའུ་ཧན་པའེ་ཧྲ་ཀྲིག་ཞིང་ཞོར་ཐོན་རྫས་བརྗེ་རེས་ཚོང་རའི་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བར་ཞིབ་བཤེར་བྱས།
2020.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་འབྲེལ་གཏུག་ཚན་ཁག་གི་མི་སྣ་ཝུའུ་ཧན་པའེ་ཧྲ་ཀྲིག་ཞིང་ཞོར་ཐོན་རྫས་བརྗེ་རེས་ཚོང་རར་སོང་སྟེ་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བར་ཞིབ་བཤེར་བྱས།

འབྲེལ་གཏུག་ཚན་ཁག་མི་སྣས་བསྟན་དོན། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་བྱ་བ་བསྒྲུབ་སྐབས་གཅིག་ནས་ཚད་གཞི་གཏན་འཁེལ་བྱེད་དགོས། འགོག་སྲུང་ཚད་གཞི་དེ་ཚན་རིག་དང་མཐུན་ཞིང་ལག་བསྟར་བྱེད་ཆོག་པ་དང་ཞིབ་བཤེར་བྱེད་འོས་བ་ཞིག་ཡིན་དགོས། གཉིས་ནས་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་དགོས། སྲིད་གཞུང་གིས་སྤྱི་ཚོགས་ཡོངས་ལ་དོ་དམ་ཚོད་འཛིན་བྱེད་པའི་ས་གནས་རང་གི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། ལས་རིགས་ལས་ཁུངས་ཀྱིས་གཙོ་འགན་འཁུར་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ། ལས་ཁུངས་ཀྱིས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱེད་དགོས་ལ། མི་སྒེར་དང་ཁྱིམ་ཚང་གིས་རང་ཉིད་དོ་དམ་འགན་འཁྲི་དངོས་འབེབས་བྱེད་དགོས། གསུམ་ནས་དངོས་འབེབས་བྱ་བ་གནད་ལ་ཁེལ་བར་བྱེད་དགོས། འགོག་སྲུང་གི་གནད་འགག་ནི་དངོས་འབེབས་བྱེད་པར་ཐུག་ཡོད་པས། ཚན་རིག་དང་མཐུན་པར་གནད་ལ་ཁེལ་བར་བྱེད་པར་མ་ཟད་ཁྲིམས་ལྟར་གོ་རིམ་ཡོད་པར་བྱས་ནས། རིམས་ནད་བསྐྱར་འཕར་འབྱུང་བའི་ཉེན་ཁ་མེད་པར་གཏོང་དགོས་ཟེར།

                                                                                                      ལོ་ཙཱ་བ། བཀྲ་ཤིས་འབུམ།