པ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཀྲང་གིས་ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཁག་གིས་པ་ལེ་སི་ཐན་ཕྱོགས་ཀྱི་རིམས་འགོག་ཆུ་ཚད་མཐོར་འདེགས་སུ་བཏང་ཞེས་བསྟན།
2020.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

པ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཀྲང་མཱ་དབྱི་པེ་ལ་ཡིས་ཚེས་བཅུ་དྲུག་ཉིན་བཤད་དོན། པ་ལེ་སི་ཐན་ལ་ཕྱིན་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་པ་ལེ་སི་ཐན་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་དང་སྨན་བཅོས། མྱུར་སྐྱོབ་སོགས་ཀྱི་ཐད་ལ་མཛུབ་སྟོན་བྱས་པ་དང་ཉམས་མྱོང་ལག་བསྟར་བྱས་པས་ཕན་འབྲས་ཆེན་པོ་ཐོབ་ཟེར།

ཉིན་དེར་པ་ལེ་སི་ཐན་ཕྱོགས་ཀྱིས་ལཱ་མུའུ་ཨན་ལ་གྲོང་ཁྱེར་དུ་ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཁག་ལ་སྐྱེལ་མ་བྱེད་པའི་མཛད་སྒོ་བསྡུས་པ་དང་། ཁེ་ལ་དང་པ་ལེ་སི་ཐན་དུ་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས། དེ་མིན་པ་ལེ་སི་ཐན་ཕྱོགས་ཀྱི་སྨན་བཅོས་ཆེད་མཁས་པ་སོགས་མཛད་སྒོར་ཞུགས། ཁེ་ལ་ཡིས་པ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་དང་ཙུང་ལི་ཨ་ཧྲི་ཐུས་ཡེ། པ་ལེ་སི་ཐན་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཁག་ལ་སྐྱེལ་མ་བྱས། ཁོ་མོས་བཤད་དོན། ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཁག་གིས་དཀའ་སྡུག་གང་རུང་ལ་མ་འཛེམ་པར་པ་ལེ་སི་ཐན་གྱི་རིམས་འགོག་ཐད་ལ་རོགས་སྐྱོར་བྱས་པར་པ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཟེར།

ཁེ་ལ་ཡིས་བཤད་དོན། ཀྲུང་གོའི་ཆེད་མཁས་ཚན་ཁག་གིས་པ་ལེ་སི་ཐན་ལ་རྟོག་ཞིབ་བྱས་པར་མ་ཟད་པ་ལེ་སི་ཐན་ཕྱོགས་ཀྱི་ཆེད་མཁས་པ་དང་མཉམ་དུ་བརྗེ་རེས་དང་ཞིབ་སྡུར་བྱས་ཤིང་། པ་ལེ་སི་ཐན་ཕྱོགས་ལ་ཆེད་ལས་མཛུབ་སྟོན་དང་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ནས། པ་ལེ་སི་ཐན་ཕྱོགས་ཀྱིས་རིམས་འགོག་དང་སྨན་བཅོས། མྱུར་སྐྱོབ་སོགས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་། པ་ལེ་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

                                                                                                      ལོ་ཙཱ་བ།  བཀྲ་ཤིས་འབུམ།