འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲིག་སོ་སོའི་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་རྨིད་གཅིག་དང་གྲངས་ཆུང་ལྔ་སྲུང་འཛིན་བྱེད་པ་དང་། དམིགས་བསལ་གྱི་སྤྱི་བའི་ཚོགས་ར་ནས་ཁ་ཐུམ་བརྒྱག་པ། མི་སྣའི་འབྲེལ་འདྲིས་ལ་ཚད་བཀག་བྱེད་པ། འཕྲོད་བསྟེན་བྱེད་ཐབས་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་རྒྱུའི་གྲོས་ཐག་བཅད།
འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་བསྟན་དོན། འབྲེལ་ཡོད་ཀྱི་འགོག་སྨན་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་མ་ཐུབ་ན། ང་ཚོ་ངེས་པར་དུ་ནད་དུག་དང་མཉམ་གནས་བྱེད་དགོས་ལ། ཕན་ཚུན་སྲུང་སྐྱོབ་བྱེད་དགོས་ཟེར། ཁོ་མོས་མང་ཚོགས་ཀྱིས་སྲིད་གཞུང་གིས་བཏོན་པའི་པྲོག་དབྱིབས་ནད་དུག་གསར་བའི་རྗེས་འདེད་ཀྱི་ཁ་པར་མཉེན་ཆས་ཕབ་ལེན་བྱས་པར་བཀའ་དྲིན་ཞུས།
འཇར་མན་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་པྲོག་དབྱིབས་ནད་དུག་གསར་བའི་རྗེས་འདེད་ཀྱི་ཁ་པར་མཉེན་ཆས་ཤིག་བཏོན། གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ་མཉེན་ཆས་དེ་ཐེངས་གྲངས་ས་ཡ་དྲུག་དང་འབུམ་ལྔ་ཙམ་ཕབ་ལེན་བྱས་ཡོད་པ་རེད།
ཚེས་བཅུ་བདུན་ཉིན་གྱི་གྲོས་ཚོགས་ནས་ད་རུང་རིམས་ནད་ཀྱི་གནོད་པ་ཐེབས་པའི་དཔལ་འབྱོར་སླར་གསོ་བྱེད་པའི་ཡར་སྐུལ་འཆར་གཞིར་གྲོས་འཆམ་བྱུང་། མའོ་ཁི་ཨར་གྱིས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་འཇར་མན་གྱི་དཔལ་འབྱོར་ཐད་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཚུན་གྱི་ཆེས་ཚབས་ཆེ་བའི་ཤུགས་རྐྱེན་ཐེབས་ཡོད་པ་དང་། སྟོབས་ཤུགས་ཆེན་པོས་སླར་གསོ་མངོན་འགྱུར་བྱེད་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།