འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་བདུན་ཉིན་བཤད་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་ལས་བྱེད་པའི་སྟེགས་བུ་ཁྲོད་ཀྱི་གཅིག་ཡིན་ལ། འདི་ལྟ་བའི་སྟེགས་བུ་ཡིས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་མཉམ་དུ་རིམས་འགོག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།
ཐན་ཏི་སེ་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུན་ལྡན་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་ཏུ་ཀྲུང་གོ་དང་ཨ་ཧྥེ་ལྷོ་མ། སེ་ནེ་ཀལ་བཅས་ཀྱིས་མཉམ་དུ་གྲོས་འགོ་བཏོན་ཏེ་ཐེངས་འདིའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་རྩ་འཛུགས་བྱས་པ་དང་། མཉམ་དུ་རིམས་འགོག་བྱེད་པ་ནི་ཐེངས་འདིའི་གྲོས་ཚོགས་ཀྱི་ཆེད་དུ་གཏན་འཁེལ་བྱས་པའི་གྲོས་རིམ་ཡིན་ཟེར།
ཐན་ཏི་སེ་ཡིས་བཤད་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལྟ་བུའི་སྟེགས་བུ་དེ་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་པར་ཧ་ཅང་གལ་ཆེ། པྲོག་དབྱིབས་ནད་དུག་ནི་ཧ་ཅང་ཉེན་ཁ་ཆེ་བའི་ནད་དུག་ཅིག་ཡིན་པ་དང་། འགོས་ཁྱབ་ཏུ་འགྲོ་བ་ཧ་ཅང་མགྱོགས་པར་མ་ཟད་ཚེ་སྲོག་ལ་གནོད་པ་ཆེན་པོ་བཟོ་ངེས་ཡིན་པས། མཐུན་སྒྲིལ་གཅིག་གྱུར་སྒོས་ནད་དུག་ལས་རྣམ་པར་རྒྱལ་བར་འབད་འཐབ་བྱེད་རྒྱུ་གལ་ཆེ་ཟེར།
ལོ་ཙཱ་བ། བཀྲ་ཤིས་འབུམ།