ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་དྲུག་པ་ཚེས་ཉེར་དྲུག་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ་བ་དང་། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་དག་གིས་ལག་རྡང་སྦྲེལ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།
སྐབས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡོ་ནན་གྱིས་མགོ་འཛིན་བྱས་པ་དང་། ཡོ་ནན་སྲིད་གཞུང་གི་ཙུང་ལི་རོན་ཁྲོང་ཧྥུའུ་ཡིས་མཐོ་རིམ་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་བཟུང་སྟེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་སྤྱི་ཚོགས་དཔལ་འབྱོར་སླར་གསོ་ལ་ཡར་སྐུལ་བྱེད་པ། སྔར་ནས་གཏན་འཁེལ་བྱས་པའི་དམིགས་འབེན་གཞིར་བཟུང་ནས་སྟོབས་དང་ལྡན་པའི་ཐུན་མོང་ཚོགས་པ་འཛུགས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་རྒྱ་བསྐྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས་ཡོད་ཟེར།
རོན་ཁྲོང་ཧྥུའུ་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རིམས་འགོག་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོའི་ཐད་འབད་འབུངས་བྱེད་དགོས་ལ། གྲོགས་པོའི་རྒྱལ་ཁབ་དག་གིས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མཉམ་དུ་རིམས་འགོག་རྒྱལ་ཁ་ལེན་དགོས་པའི་ཚུལ་བསྟན།
དེ་ལས་གཞན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཉིན་དེར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པས་སེམས་ཤུགས་གཅིག་སྒྲིལ་གྱིས་འགྲན་རྩོད་ཁྱད་དུ་བསལ་ནས་འཕར་སྣོན་སྲུང་འཛིན་བྱེད་པའི་སྐོར་གྱི་རེ་འདུན་གསལ་སྒྲོག་ལ་གྲོས་འཆམ་བྱུང་། གསལ་སྒྲོག་ལས་བསྟན་དོན། ཕྱོགས་སོ་སོས་རིམས་ནད་ཀྱིས་དམངས་འཚོ་དང་སྤྱི་ཚོགས། དཔལ་འབྱོར་བཅས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་ཇེ་ཡང་དུ་གཏོང་བར་མཐའ་གཅིག་ཏུ་འབད་འབུངས་བྱེད་ཅིང་། ས་ཁོངས་དཔལ་འབྱོར་གྱི་གཏན་འཇགས་རང་བཞིན་དང་བབ་བསྟུན་རང་བཞིན་ལེགས་བཅོས་དང་། མཁོ་སྒྲུབ་མུ་འབྲེལ་སྲུང་འཛིན་བྱེད་པའི་ཕྱོགས་སོ་སོའི་སླར་གསོའི་འཆར་གཞི་ལག་བསྟར་བྱེད་པའི་ཞོར་དུ། རིམས་ནད་ཡང་བསྐྱར་འབྱུང་བར་དོགས་ཟོན་བྱེད་དགོས་ཟེར།
པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་རོན་ཁྲོང་ཧྥུའུ་ཡིས་ཟླ་གསུམ་པར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་འཕྲིན་ཡིག་བཏང་སྟེ། ཟླ་བཞི་བའི་ཟླ་སྟོད་དུ་ཡོ་ནན་གྱི་དབུས་ཕྱོགས་གྲོང་ཁྱེར་ཞན་ཀང་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་དྲུག་པ་དང་དེའི་འབྲེལ་ཡོད་གྲོས་ཚོགས་ཟླ་དྲུག་པའི་ཟླ་མཇུག་ཏུ་རྗེས་སུ་སྣུར་རྒྱུ་ཐག་བཅད་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།