ཝང་ཞོ་མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་སོགས་ལ་སོང་སྟེ་རྒྱུགས་ལེན་ལས་དོན་དང་རྩ་འཛུགས་འགན་སྲུང་། རིམས་ནད་འགོག་སྲུང་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།
2020.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བདུན་པའི་ཚེས་དྲུག་ཉིན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞོ་མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་དང་དེ་མིན་ཟི་ལིང་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་བཀོད་འདོམས་ལྟེ་གནས་དང་ཧྲིན་ན་སློབ་འབྲིང་། ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་ཉེར་གཅིག་པ་སོགས་ལ་སོང་སྟེ་རྒྱུགས་ལེན་ལས་དོན་དང་རྩ་འཛུགས་འགན་སྲུང་། རིམས་ནད་འགོག་སྲུང་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་ཧུར་ཐག་བྱེད་དགོས་པའི་སྐུལ་མ་བཏང་ཞིང་སྨོན་འདུན་བཟང་བོ་ཞུས་པ་དང་། རྒྱ་ཆེའི་རྒྱུགས་ལེན་ལྟ་རྟོག་བྱ་བ་སྒྲུབ་མཁན་དང་སྨན་བཅོས་མི་སྣ་སོགས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས།

ཝང་ཞོ་སོགས་མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་དང་ཟི་ལིང་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་བཀོད་འདོམས་ལྟེ་གནས་སུ་སོང་སྟེ་རྒྱང་བསྟེན་སྟེགས་བུ་བརྒྱུད་དེ་གྲོང་ཁྱེར་ཡོངས་ཀྱི་རྒྱུགས་ལེན་ས་སོ་སོའི་གྲ་སྒྲིག་གནས་ཚུལ་དང་རྒྱུགས་ལེན་ལྟ་རྟོག་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་གནས་ཚུལ་སོགས་ལ་ཞིབ་བཤེར་བྱས། ཝང་ཞོ་ཡིས་བཤད་དོན། ད་ལོའི་མཐོ་རྒྱུགས་དང་འབྲིང་རྒྱུགས་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་གྱི་གཞི་ཁྱོན་ཆེ་ཞིང་རྩ་འཛུགས་ཡོད་པ་དང་ཐུན་མོང་རང་བཞིན་གྱི་བྱ་འགུལ་ཐེངས་ཤིག་ཡིན་པས། རིམ་པ་སོ་སོ་དང་ལས་ཁུངས་སོ་སོས་ཐལ་སྐྱོད་འགན་འཁུར་གྱི་སྙིང་སྟོབས་བཅངས་ཏེ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ། ཕན་འབྲས་མཐོ་བའི་རྒྱུགས་སྤྲོད་བདེ་འཇགས་ལྟ་རྟོག་འགོག་སྲུང་མ་ལག་གསར་སྐྲུན་བྱེད་དགོས་པར་མ་ཟད། རིམས་ནད་འགོག་སྲུང་དང་མཐོ་རྒྱུགས་ལས་དོན་གྱི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་ནས། གྲོང་ཁྱེར་ཡོངས་ཀྱི་རྒྱུགས་སྤྲོད་མཁན་རྣམས་ལ་བདེ་འཇགས་དང་གོ་རིམ་ཡོད་པའི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས་ཟེར།

ཧྲིན་ན་སློབ་འབྲིང་དང་ཟི་ལིང་གྲོང་ཁྱེར་གྱི་སློབ་འབྲིང་ཉེར་གཅིག་པའི་རྒྱུགས་ལེན་སའི་སློབ་ཁང་དུ་ཝང་ཞོ་སོགས་ཀྱིས་སློབ་གྲྭའི་འགན་འཁུར་བ་དང་སྨན་བཅོས་མི་སྣ། བྱ་བ་སྒྲུབ་མཁན། དེ་མིན་ལས་རེས་སྤྱི་བདེ་ཉེན་རྟོག་པ་སོགས་དང་གླེང་མོལ་བྱས་ཏེ་རྒྱུགས་སྤྲོད་སློབ་མར་སྣེ་ཁྲིད་དང་འགྲིམ་འགྲུལ་རྩ་འཛུགས། སྨན་བཅོས་ཞབས་ཞུ། བདེ་འཇགས་འགན་སྲུང་། མེ་གསོད་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད་བྱ་བའི་ཇུས་གཞི་དང་བྱེད་ཐབས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱས།

                                                                                                       ལོ་ཙཱ་བ། བཀྲ་ཤིས་འབུམ།