འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྒེར་ཚུགས་ཚོགས་ཆུང་བཙུགས་ནས་གོ་ལ་ཧྲིལ་པོའི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་དཔྱད་འཇོག་བྱས།
2020.07.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དགུ་ཉིན། སྒེར་ཚུགས་ཚོགས་ཆུང་ཞིག་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས། རྩ་འཛུགས་དེའི་འགོ་ཁྲིད་འོག་གི་གོ་ལ་ཧྲིལ་པོའི་པྲོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། ཐོག་མའི་དཔྱད་འཇོག་སྙན་ཞུ་ཟླ་བཅུ་གཅིག་པའི་ནང་ཁྱབ་བསྒྲགས་བྱེད་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོགས་མིའི་རྒྱལ་ཁབ་ལ་གནས་ཚུལ་མདོར་བསྡུས་ཞུ་སྐབས་བསྟན་དོན། “པྲོག་གསར་རིམས་ནད་སྔོན་འགོག་དང་ཁ་གཏད་གཅོག་པའི་སྒེར་ཚུགས་ཚོགས་ཆུང་གསར་པ”དེ་ནེའུ་ཙི་ལན་གྱི་ཙུང་ལི་ཟུར་པ་ཧའེ་ལུན·ཁེ་ལ་ཁེ་དང་ལི་པེ་རི་ཡའི་ཙུང་ཐུང་ཟུར་པ་ཨའེ་ལུན·ཡོ་ཧན་ཤུན·སེ་ལི་ཕུའུ་ཡིས་ཐུན་མོང་གིས་འགོ་ཁྲིད་བྱ་རྒྱུ་རེད། ཚོགས་ཆུང་དེས་སྔོན་དཔག་བྱས་ན་ཟླ་བཅུ་གཅིག་པར་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་བསྐྱར་ཚོགས་སྐབས་ཐོག་མའི་དཔྱད་འཇོག་སྙན་ཞུ་ཞིག་འབུལ་རྒྱུ་རེད། སང་ལོའི་ཟླ་ལྔ་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་བདེན་ཐུབ་རང་བཞིན་གྱི་སྙན་ཞུ་འབུལ་དགོས་ཟེར།

 ཐན་ཏེ་སའེ་ཡིས་བཤད་རྒྱུར། སྒེར་ཚུགས་ཚོགས་ཆུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་གནས་ཚུལ་གསར་པ་ཐོན་རིང་། གནས་ཚུལ་གང་ཞིག་ཐོན་མིན་ཤེས་རྟོགས་བྱེད་རོགས་བྱ་རྒྱུ་དང་དེ་བཞིན་སྐྱོ་གར་དེ་རིགས་སླར་ཡང་མི་ཐོན་པ་བྱ་རྒྱུ་དེ་ཡིན་ཟེར། ཐན་ཏེ་སའེ་ཡིས་བཤད་རྒྱུར། “ད་ཆ་ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁ་ཆེ་ཤོས་ནི་པྲོག་དབྱིབས་ནད་དུག་གསར་པ་དེ་མ་ཡིན་པར་གོ་ལ་ཧྲིལ་པོ་དང་རྒྱལ་ཁབ་རིམ་པའི་འགོ་ཁྲིད་ཀྱི་ངོས་ན་ནུས་པ་དང་མཐུན་སྒྲིལ་མེད་པ་དེ་རེད། “ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་ནད་དུག་གསར་པ་ཕམ་པར་བྱེད་ཐུབ”ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་གསར་ལམ་ཞིག་གི་གསལ་བསྒྲགས་ནང་ནན་བཤད་བྱས་དོན། སྒེར་ཚུགས་ཚོགས་ཆུང་ནི་ད་ལོའི་ཟླ་ལྔ་པར་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་ལ་གཞིགས་ནས་བཙུགས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་ཚོགས་མིའི་རྒྱལ་ཁབ་ཀྱིས་རིམས་ནད་གསར་པར་ཁ་གཏད་གཅོག་པའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱ་རྒྱུ་དེ་རེད།

ལོ་ཙཱ་བ། བན་དེ་སྐྱབས།