ཚེས་བཅུ་གཉིས་ཉིན། ཐེ་གོ་ཡི་ཀྲུའུ་ལཱ་ལུང་ཀུང་སློབ་ཆེན་གྱི་རིམས་འགོག་སྨན་ཁབ་གསར་པ་ཞིབ་འཇུག་གསར་སྤེལ་ཚོགས་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཚོགས་པ་དེས་གསར་སྤེལ་ནང་ཞུགས་པའི་པྲོག་གསར་ལ་དམིགས་བཙུགས་ཏེ་བཟོས་པའི་རིམས་འགོག་སྨན་ཁབ་ཅིག་གིས་སྤྲེའུ་ལ་བརྒྱབ་སྟེ་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་ནས། ཟླ་བཅུ་པར་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་ཞུགས་རྒྱུ་རེད། གལ་ཏེ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ལེགས་འགྲུབ་བྱུང་ན། སང་ལོའི་དུས་ཚིགས་གསུམ་པའི་དུས་མཇུག་ཏུ་ཐོན་སྐྱེད་བྱེད་རྒྱུའི་རེ་བ་ཡོད།
ཐེ་གོའི་ས་གནས་ཀྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་བཅུ་གཉིས་ཉིན། ཐེ་གོ་ཡི་ཀྲུའུ་ལཱ་ལུང་ཀུང་སློབ་ཆེན་གྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་དང་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་ཅི་ཡ་ཐེས་བཤད་རྒྱུར། ཚོགས་པ་དེས་ཞིབ་འཇུག་གསར་སྤེལ་བྱས་པའི་པྲོག་གསར་རིམས་འགོག་སྨན་ཁབ་གསར་པ་དེ་ད་ལོའི་ཟླ་ལྔ་པ་ནས་ཟླ་དྲུག་པའི་བར་སྤྲེའུ་ལ་བརྒྱབ་སྟེ་ཚོད་ལྟ་བྱས་པར་ཕན་འབྲས་བཟང་པོ་ཐོབ་ཡོད། གལ་ཏེ་དུས་ཐེངས་དང་པོའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་འཕེལ་རིམ་བདེ་ལེགས་བྱུང་ན། ད་ལོའི་ཟླ་བཅུ་གཉིས་པ་ནས་སང་ལོའི་ཟླ་གསུམ་པའི་བར་སྐབས་གཉིས་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱ་རྒྱུ་ཡིན་ཟེར།
ཅི་ཡ་ཐེས་ངོ་སྤྲོད་བྱས་དོན། འདེམས་སྒུག་རིམས་འགོག་སྨན་ཁབ་གསར་པའི་དུས་ཐེངས་གསུམ་པའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནང་ཉུང་མཐར་ཡང་དང་བླངས་པ་ཁྲི་གཅིག་ཞུགས་དགོས་པ་དང་། ཐེ་གོ་ཡིས་རྒྱལ་ཁབ་གཞན་དང་མཉམ་ལས་བྱས་ནས་དུས་ཐེངས་གསུམ་གྱི་ཚོད་ལྟ་བྱ་རྒྱུ་ཡིན་ཟེར།
ཚེས་བཅུ་གསུམ་ཉིན་རིམས་ནད་ཀྱི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། འདས་པའི་ཉིན་གཅིག་གི་ཡུན་ལ། ཐེ་གོ་རུ་ནད་རྟགས་གསར་པ་གཏན་འཁེལ་བྱས་པའི་ནད་པ་གསུམ་གྱིས་ཇེ་མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་པ་སྟོང་གསུམ་དང་ཉིས་བརྒྱ་ཉི་ཤུར་སླེབས་ཡོད་ཅིང་། རིམ་རྩིས་བྱས་ན་ནད་པ་སྟོང་གསུམ་དང་དགུ་བཅུ་དྲག་སྐྱེད་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ་ང་བརྒྱད་རིམས་ནད་ཁྲོད་ཤི་བ་རེད།
ལོ་ཙཱ་བ། བན་དེ་སྐྱབས།