འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ཀྱིས་འཛམ་གླིང་གི་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ཇེ་ཆེར་བཏང་ཟེར།
2020.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སའེ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་མིག་སྔར་འཕྲད་པའི་གནད་དོན་མང་བོ་ཚབས་ཇེ་ཆེར་གཏོང་སྲིད་ལ། དེའི་ནང་དུ་ལོ་མང་བོའི་འཁྲུག་རྩོད་དང་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་གཞན་པ་སོགས་འདུ་ཟེར། ཁོས་རྒྱལ་ཁབ་སོ་སོས་རིམས་ནད་ཀྱི་སྐབས་སུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུའི་རྒྱུ་མཐུད་རང་བཞིན་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐན་ཏི་སའེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། རིམས་ནད་ནི་དེང་སྐབས་འཛམ་གླིང་ཡོངས་ཀྱིས་ཆེས་དོ་སྣང་བྱེད་པའི་དོན་དག་ཡིན་མོད། ཡིན་ནའང་དེ་ནི་འཛམ་གླིང་འཕྲད་པའི་འཇིགས་སྣང་ཉག་ཅིག་མིན། རྒྱལ་ཁབ་མང་བོ་དང་ལྷག་པར་དུ་ཨ་ཧྥེ་རི་ཁ་གླིང་དང་དབུས་ཤར་རྒྱལ་ཁབ་དག་གིས་ད་དུང་ལོ་མང་བོའི་དྲག་ཆས་འཁྲུག་རྩོད་དང་མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་གཞན་པའི་སྡུག་བསྔལ་མྱོང་བཞིན་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཆེས་ཆེར་མཆེད་པ་དང་རིམས་ནད་དེ་འགོག་པའི་ཆེད་དུ་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པས། འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ཡུན་རིང་བོར་ཛ་དྲག་གི་གནས་སུ་ལྷུང་ཡོད། དེས་མི་ཚད་ན་ནིང་མི་དུང་ཕྱུར་དྲུག་དང་བྱེ་བ་དགུ་ལ་བཟའ་འབྲུ་དཀོན་པའི་སྣང་ཚུལ་བྱུང་བའི་ཁར། ད་ལོའི་རིམས་ནད་ཀྱི་གནོད་པ་ཐེབས་པར་བརྟེན་ནས། ཉིས་སྟོང་ཉི་ཤུ་ལོར་མི་དུང་ཕྱུར་གཅིག་བྱེ་བ་གསུམ་ས་ཡ་གཉིས་ཀྱིས་བཀྲེས་ལྟོགས་མྱང་སྲིད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་མཆེད་པ་ལས་སློབ་གསོའི་སྔོན་རྩིས་ཇེ་ཉུང་དང་དབུལ་ཕོངས་ཚབས་ཇེ་ཆེར་སོང་ལ། ད་ལོའི་ལོ་མཇུག་ལ་ཐོན་སྐབས་བྱིས་པ་ས་ཡ་དགུ་དང་འབུམ་བདུན་དུས་གཏན་དུ་སློབ་གྲྭར་འགྲོ་མཚམས་ཆད་ངེས་ལ། ད་དུང་བྱིས་པ་ས་ཡ་འགའི་སྦྱངས་འབྲས་ཇེ་སྡུག་ལ་འགྲོ་སྲིད། དེ་དང་མཉམ་དུ་རིམས་ནད་ཀྱིས་འཛམ་གླིང་གི་མི་ཆོས་རིང་ལུགས་འགུལ་སྐྱོད་ལ་གནོད་པ་བཟོས་ཏེ་མི་མང་བོའི་མ་གཞི་ནས་ཞན་པའི་འཚོ་བའི་ཆ་རྐྱེན་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་སྟེ། ཁྱིམ་གཞིས་ཤོར་བ་དང་བཟའ་འབྲུ་ཆད་པ། འཚོ་བཅུད་ཀྱིས་མི་འདང་བ། གཞི་རྩའི་ཞབས་ཞུ་ལོངས་སུ་སྤྱོད་པའི་གོ་སྐབས་ཇེ་ཉུང་ཡིན་པ། སེམས་ཁམས་བདེ་ཐང་ལ་གནོད་པ་སོགས་ཀྱི་གནས་ཚུལ་འབྱུང་ངེས་ཟེར།

ཐན་ཏི་སའེ་ཡིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་དེ་བདེ་ཐང་གི་ཁྱབ་ཁོངས་ནས་རིང་དུ་བརྒལ་ངེས་ལ། ལྷག་པར་དུ་ཆེས་དབུལ་ཕོངས་དང་ཆེས་ཉམ་ཞན་གྱི་རྒྱལ་ཁབ་ལ་མཚོན་ན་གནོད་པ་བསམ་ཡུལ་ལས་འདས་པ་ཐེབས་ངེས་ཟེར།

ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་གོ་སྐབས་སུ་བཟུང་ནས། སྔར་ལས་གོ་ཆོད་ཅིང་སྔར་ལས་ནུས་པ་ལྡན་པའི་ཐོལ་བྱུང་འཕྲོད་བསྟེན་དོན་རྐྱེན་འོག་འཕྲོད་བསྟེན་མ་ལག་འཛུགས་དགོས་པའི་འབོད་སྐུལ་བཏང་།

ལོ་ཙཱ་བ། ཕྱུག་ལོ།