མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་བདུན་པ་བསྡུས།
2020.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་ཚོགས་སྐབས་ཉེར་གཅིག་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་འཚོག་རྒྱུ་རེད། མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་རང་ཞིང་གི་མཚོ་སྔོན་ཚོང་ཚོགས་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་ཡོངས་ཁྱབ་ཏུ་དོ་ཁུར་བྱས། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅུ་བདུན་པ་བསྡུས་ཏེ། མཚོ་ནུབ་ཁུལ་དང་ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་ཁུར་མི་སྣ་གདན་དྲངས་ནས་གནས་སྟངས་དེའི་ཐད་སྔར་ལས་ལྷག་པའི་སྒོ་ནས་གསར་འགོད་པའི་དྲི་བར་ལན་བཏབ།

ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་དྲིལ་བསྒྲགས་ཚན་ཁག་གི་ཚན་གཙོ་ཝང་ཀྲི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཚོང་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ཕྱོགས་བསྡུས་མཐུན་སྦྱོར་ཚན་ཁག་གི་ཚན་གཙོ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གཞོན་པ་ཧོ་ཀྲིས་མཚོ་སྔོན་ཚོང་ཚོགས་འཚོགས་རིང་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་སྐོར་ནས་གནས་ཚུལ་བསྒྲགས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཡིས་མཚོ་སྔོན་ཚོང་ཚོགས་བསྡུ་བའི་རིང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གནས་ཚུལ་བསྒྲགས། ཟི་ལིང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཧན་ཧྲིན་ཚའེ་ཡིས་མཚོ་སྔོན་ཚོང་ཚོགས་ཟི་ལིང་གི་ཚོགས་ར་གཙོ་བོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲ་སྒྲིག་ལས་དོན་གནས་ཚུལ་བསྒྲགས། མཚོ་ནུབ་ཁུལ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཙུང་ལེང་གིས་མཚོ་སྔོན་ཚོང་ཚོགས་མཚོ་ནུབ་ཡན་ལག་ཚོགས་རའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གནས་ཚུལ་བསྒྲགས་པ་རེད།

ལོ་ཙཱ་བ། བན་དེ་སྐྱབས།